སྡེབ་ངོས་རྩོམ་ཡིག་ཀློག་ཐབས།
དཀར་རིལ་མནན་ཏེ་རིགས་དབྱེ་ལ་ལྟ་བ།
འཛམ་གླིང་བྱིས་སྒྲུང་བོད་འགྱུར་མ《བྱིས་གླུ་རྣ་བའི་འདོད་འཇོ》འགྲེམ་སྤེལ་བྱས།
རྩོམ་པ་པོ། མི་གསལ། རྩོམ་སྒྲིག་པ། Lhamo དུས་ཚོད། 2019-1-11 10:40:00 རྩོམ་ཁུངས། མཚོ་སྔོན་ཞིང་ཆེན་སྲིད་གཞུང་དྲ་བ། ཀློག་གྲངས།

     སྤྱི་ཟླ1པོའི་ཚེས8ཉིན་གྱི་ཕྱི་དྲོར། མཚོ་ལྷོ་སྤྲེལ་ནག་ནས་འཚར་ལོངས་བྱུང་བའི་གཞོན་སྐྱེས་རྩོམ་པ་པོ་བོད་ཤུལ་དཔའ་མཁར་རྒྱལ་གྱི་བསྒྱུར་དེབ《བྱིས་གླུ་རྣ་བའི་འདོད་འཇོ》ཡི་འགྲེམ་སྤེལ་མཛད་སྒོ་དེ་མདོ་སྨད་བོང་སྟག་ཏུ་འབོད་པའི་ཐེམ་ཆེན་རྫོང་མི་རིགས་སློབ་ཆུང་དང་པོ་རུ་བསྡུས།
     མཛད་སྒོའི་སྟེང་རྩོམ་པ་པོ་ཆུང་བྱིས་པའི་དུས་ནས་བརྒྱུད་མྱོང་བའི་དགེ་རྒན་དང་སློབ་གྲོགས། དེ་མིན་ཕ་སྐད་མ་ཡིག་གི་བརྩམས་ཆོས་ལ་དུང་ཞེན་ཟབ་པའི་ཤེས་ཡོན་པའི་སྡེ་སོགས་རྩོམ་པ་པོར་གློ་ཉེ་བ་སྐོར་ཞིག་གདན་འདྲེན་ཞུས་ཏེ། བྱིས་པའི་ལེགས་བཤད་དང་ཁེད། བྱིས་གླུ། གཏམ་དཔེ། བྱིས་སྒྲུང་གི་སྐོར་བཅས་ལེའུ་ཆེན་པོ་ལྔ་རུ་བགོས་ཡོད་པའི་བོད་འགྱུར་དེབ《བྱིས་གླུ་རྣ་བའི་འདོད་འཇོ》ལ་དཔྱད་བརྗོད་དང་མཛུབ་སྟོན་གང་ལེགས་གནང་།
     རྩོམ་པ་པོས་བཤད་རྒྱུར། བསྒྱུར་དེབ་འདི་ནི་ཐོག་མར་སློབ་ཆེན་ལོ་རིམ་གཉིས་པ་ནས་བཟུང་བྱིས་པའི་སློབ་གསོའི་རྩོམ་རིག་གི་བསླབ་གཞི་གཙོ་བྱས་ཏེ་བསྒྱུར་བ་ཡིན་ལ། སློབ་ཆེན་ལོ་རིམ་གསུམ་པར་འཕར་ལ་ཉེ་དུས་དཔར་བསྐྲུན་བྱེད་པའི་འགོ་དངོས་སུ་བརྩམས། སྐབས་དེར་ཡིག་སྒྱུར་གྱི་ཉམས་མྱོང་མེད་པས་དཀའ་ཁག་མང་པོ་བྱུང་ལ། ལྷག་པར་དུ་ལེགས་བཤད་བསྒྱུར་དུས་བརྡ་ཆད་དག་བྱིས་པའི་ཁམས་དང་མོས་པར་མཐུན་མིན། བྱིས་པའི་འཇོན་ནུས་སྐྱེད་སྲིང་བྱེད་ཐུབ་མིན་ལ་ཐོག་མཐའ་བར་གསུམ་དུ་བསམ་གཞིགས་གཏོང་དགོས་པས། དགེ་རྒན་རྣམས་ཀྱི་མཛུབ་སྟོན་དང་ཉམས་མྱོང་ཡོད་པའི་མི་བུ་ཚོར་བློ་འདྲི་བྱས་ཏེ་བསྒྱུར་བ་ཡིན།
     རྩོམ་པ་པོའི་འཛིན་བདག་དགེ་རྒན་དགྲ་ལྷ་རྒྱལ་གྱིས་བཤད་རྒྱུར། སྤྱིར་ན་ང་རང་ལོ་ངོ་གཉིས་ཙམ་ལ་ཁོའི་འཛིན་བདག་བྱས་པའི་གོ་རིམ་ཁྲོད་ནམ་ཡང་འདོད་ཀྱིན་པ་ནི་སློབ་མ་ཞིག་གི་མ་འོངས་པའི་ལམ་ཁར་བདེ་སྐྱིད་དགོས་ཚེ། རང་ཉིད་ཀྱི་དགའ་ཕྱོགས་དང་མཐུན་པའི་བྱ་བ་ཞིག་རེག་རྒྱུ་ནི་གཙོ་བོ་རེད་བསམ། དེ་ཡིན་ན་ཐེངས་འདིའི《བྱིས་གླུ་རྣ་བའི་འདོད་འཇོ》ཞེས་པའི་དཔེ་དེབ་འགྲེམ་སྤེལ་མཛད་སྒོ་བསྡུས་པ་འདིའང་ཁོ་བོའི་མི་ཚེའི་ཁྲོད་བདེ་སྐྱིད་འཚོལ་སྙེག་བྱས་པའི་གོ་རིམ་དང་པོ་རེད། ཡང་གཅིག་བཤད་ན་རང་གི་འབྲས་བུ་གཞན་ལ་བསྟན་ཏེ། གཞན་གྱིས་དེར་དཔྱད་བརྗོད་དང་འཛུབ་སྟོན་གནང་ནས་རང་ཉིད་ཀྱི་བརྩམས་ཆོས་ཇེ་རྒྱས་ཇེ་ལེགས་སུ་གཏོང་བའི་དམིགས་ཡུལ་རེད། འོན་ཀྱང་དམིགས་ཡུལ་དེ་འགྲུབ་མིན་རང་གི་བརྩོན་འགྲུས་དང་དཀའ་ཁག་གང་མང་ཞིག་ལ་འབྲེལ་བ་ཡོད།དེ་བས་ནན་ཏན་བྱས་ཏེ་རང་ཚུགས་ཡོད་པའི་སྒོ་ནས་བྱ་བ་བསྒྲུབ་རྒྱུ་དེ་གལ་ཆེན་རེད། རྩོམ་པ་པོ་ལྟ་བུར་མཚོན་པ་བདེ་སྐྱིད་ཀྱི་ལམ་ཁ་དང་པོར་གོམ་ཁ་སྤོས་ཟིན་ལ་ད་དུང་རྗེས་ཕྱོགས་ཀྱི་ལམ་ཁ་ཇེ་ཡངས་སུ་འགྲོ་བར་ཡང་བརྩོན་དགོས་པ་རེད།
     《བྱིས་གླུ་རྣ་བའི་འདོད་འཇོ》ཞེས་པའི་དེབ་འདི་ནི་རྩོམ་པ་པོས་བོད་ཀྱི་བྱིས་པའི་སློབ་གསོའི་འཕེལ་རྒྱས་ཀྱི་ཁ་ཕྱོགས་དང་མི་འདང་སའི་གས་ཁ་གསུབ་པར་སྨན་པའི་དགོས་པ་དང་དམིགས་ཡུལ་གཙོར་བཟུང་ནས་ཕ་སྐད་མ་ཡིག་ལ་ཕབ་པའི་བསྒྱུར་རྩོམ་ཞིག་ཡིན་པའི་ཁར། ཁོ་བོས་སློབ་ཆེན་གྱི་ལོ་ངོ་བཞི་ཡི་ཁུགས་སོ་ནས་བཏོན་པའི་རྔུལ་ཆུའི་ཐིགས་པ་རྡོག་ཅིག་ཡིན་ལ། ཡང་ན། ཁོ་བོ་མདུན་དུ་འཁྲིད་མཁན་དང་རྒྱབ་ནས་སྐྱོར་མཁན་གྱི་ཕ་མ་དང་དགེ་རྒན། ཉེ་འབྲེལ་གྲོགས་པོ་ཡོངས་ཀྱི་ཐུགས་རྗེའི་སྐུ་དྲིན་མ་བརྗེད་པའི་རིན་དོད་ཙམ་དུ་བོད་ཀྱི་རིག་གནས་ཆུ་གཏེར་ཆེན་པོའི་དབུས་སུ་ཕུལ་བའི་རྔུལ་ཁྲག་གི་ཐིགས་པ་ཞིག་ཀྱང་ཡིན་པ་ལགས།


འདི་རུ་དཔྱད་བརྗོད་འཇོག་པའམ་ཡང་ན་དཔྱད་བརྗོད་ལ་གཟིགས་ཆོག
དཔྱད་འཇོག་ཤོག་ངོས་ཕབ་བཞིན་པ།
正在加载评论列表...