སྡེབ་ངོས་རྩོམ་ཡིག་ཀློག་ཐབས།
དཀར་རིལ་མནན་ཏེ་རིགས་དབྱེ་ལ་ལྟ་བ།
དགུན་ཐོག་བོད་ཀྱི་སྐད་ཡིག་ཞིབ་འཇུག་མཐོ་རིམ་ཁྲིད་སྟེགས་སྐབས་དང་པོ་ནན་ཁའེ་སློབ་ཆེན་དུ་དབུ་ཚུགས་པ།
རྩོམ་པ་པོ། སྐལ་བཟང་ཚེ་རིང་། རྩོམ་སྒྲིག་པ། Lhamo དུས་ཚོད། 2019-1-15 10:58:00 རྩོམ་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ། ཀློག་གྲངས།

     སྤྱི་ཟླ1པོའི་ཚེས5ཉིན་གྱི་སྔ་དྲོར། དགུན་ཐོག་བོད་ཀྱི་སྐད་ཡིག་ཞིབ་འཇུག་མཐོ་རིམ་ཁྲིད་སྟེགས་སྐབས་དང་པོ་ནན་ཁའེ་སློབ་ཆེན་གྱི་དྲང་དཀར་མཐིང་ཚོམས་ཁང་དུ་ཟབ་རྒྱས་ངང་དབུ་ཚུགས་པར་མཛད་ཡོད་དེ། ནན་ཁའེ་སློབ་ཆེན་རྩོམ་རིག་སློབ་གླིང་གི་གླིང་གཙོ་ཧྲིན་ལི་ཡན(沈立岩)མཆོག་དང་། ཐེན་ཅིན་སྐད་བརྡ་ཚོགས་པའི་ཚོགས་གཙོ། ནན་ཁའེ་སློབ་ཆེན་རྩོམ་རིག་སློབ་གླིང་གི་དགེ་རྒན་ཆེན་མོ་ཙིན་ཤའོ་ཡུའུ(曾晓渝)ལགས། རྒྱལ་སྤྱི་བོད་རིག་པའི་ཆེད་མཁས་པ། བོད་ལྗོངས་སྤྱི་ཚོགས་ཚན་རིག་ཁང་གི་ཞིབ་འཇུག་པ། བོད་ལྗོངས་སློབ་གྲྭ་ཆེན་མོའི་འབུམ་རམས་པའི་མཛུབ་སྟོན་དགེ་རྒན། ཁྲིད་སྟེགས་སྐབས་འདིའི་དབུ་བཞུགས་སློབ་དཔོན་ཆེན་མོ་པ་ཚབ་པ་སངས་དབང་འདུས་ལགས་སོགས་སློབ་ཚུགས་མཛད་སྒོ་ཐོག་ཏུ་ཕེབས་ནས་དགུན་ཐོག་ཁྲིད་སྟེགས་དངོས་སུ་མགོ་བརྩམས་པར་བཀྲ་ཤིས་རྟེན་འབྲེལ་དང་བཅས་གསུང་བཤད་གནང་པ་དང་། ཧྥ་རན་སི་རྒྱལ་ཁབ་ཚན་རིག་ཞིབ་འཇུག་ལྟེ་གནས་ཡེ་ཤར་སྐད་རིགས་ཞིབ་འཇུག་ཁང་གི་ཞིབ་འཇུག་པ། ཐེན་ཅིན་ཧྲི་ཆེད་མཁས་སྟོང་ཕྲག་མའི་ཆེད་མཁས་པ། ནན་ཁའེ་སློབ་ཆེན་གྱི་ཆེད་དམིགས་གདན་ཞུས་དགེ་རྒན། སྐབས་འདིའི་ཁྲིད་སྟེགས་ཀྱི་ཟུར་བཞུགས་སློབ་དཔོན་ཆེན་མོ་ཀཏཱི་ཡ་ཆིར་མཁའ་སྐྱབས་དང་། ལན་ཀྲུའུ་སློབ་ཆེན་ལོ་རྒྱུས་རིག་གནས་སློབ་གླིང་དང་ནུབ་བྱང་གྲངས་ཉུང་མི་རིགས་ཞིབ་འཇུག་ལྟེ་གནས་ཀྱི་དགེ་རྒན་ཆེན་མོ། སྐབས་འདིའི་ཟུར་བཞུགས་སློབ་དཔོན་ཆེན་མོ་ཙོང་ཁ་ཡོངས་གྲོལ་མགོན་པོ་གཉིས་ཀྱང་མཛད་སྒོར་ཕེབས་ཤིང་། ཀྲུང་གོའི་བོད་རིག་པ་ཞིབ་འཇུག་ལྟེ་གནས་དང་པེ་ཅིན་མི་རིགས་རིག་གནས་གླིང་། ནན་ཁའེ་སློབ་ཆེན་དང་ཧྲང་ཧེ་དགེ་ཐོན་སློབ་ཆེན། ཀྲུང་དབྱང་མི་རིགས་སློབ་ཆེན་དང་བོད་ལྗོངས་སློབ་ཆེན། ལྷོ་ནུབ་མི་རིགས་སློབ་ཆེན་དང་ནུབ་བྱང་མི་རིགས་སློབ་ཆེན། མཚོ་སྔོན་མི་རིགས་སློབ་ཆེན་དང་མཚོ་སྔོན་དགེ་ཐོན་སློབ་ཆེན། རྔ་བ་དགེ་ཐོན་སློབ་གླིང་བཅས་མཐོ་སློབ་དང་སློབ་གསོ་ཞིབ་འཇུག་ལས་ཁུངས་དག་ནས་ཕེབས་པའི་ཆེད་ལས་པ་དང་ཞིབ་འཇུག་སློབ་མ་བཞི་བཅུ་ལྷག་མཉམ་དུ་འཛོམས་པའི་གྲལ་དུ་ནན་ཁའེ་སློབ་ཆེན་བོད་རྒྱ་སྐད་རིགས་ཞིབ་འཇུག་ལྟེ་གནས་ཀྱི་དབུ་འཛིན་པ་དགེ་རྒན་ཆེན་མོ་ཡེ་ཤེས་འོད་གསལ་ཨ་ཚོགས་ལགས་ཀྱིས་མདོ་འཛིན་གྱི་ཁུར་བླངས་ནས་འདི་བཞུགས་ཀྱི་དགེ་རྒན་རྣམ་པར་ཐུགས་རྗེ་དཀའ་དྲིན་གྲངས་མེད་དང་ས་ཕྱོགས་སོ་སོ་ནས་ཕེབས་པའི་སློབ་གཉེར་པ་རྣམས་ལ་དགའ་བསུ་དང་འཚམས་འདྲི་ཞུ་པ་ལགས་སོ།།

     སློབ་ཚུགས་མཛད་སྒོའི་ཐོག་ཏུ། གླིང་གཙོ་ཧྲིན་ལི་ཡན་ལགས་ཀྱིས་ནན་ཁའེ་སློབ་ཆེན་ལ་ལྷོ་ནུབ་མཉམ་འབྲེལ་སློབ་ཆེན་གྱི་སྐབས་ནས་བཟུང་། བོད་རྒྱ་སྐད་རིགས་ཞིབ་འཇུག་གི་ཁྱབ་ཁོངས་སུ་དཀའ་སྤྱད་ཧུར་བརྩོན་གནང་བའི་ལོ་རྒྱུས་ཡུན་རིང་ལྡན་ཚུལ་དང་། བོད་རྒྱ་སྐད་རིགས་ཞིབ་འཇུག་གི་དོན་སྙིང་དང་བོད་རྒྱ་སྐད་རིགས་གཉིས་ཀྱིས་བོད་རྒྱ་སྐད་རིགས་ཞིབ་འཇུག་གི་ཁྱབ་ཁོངས་སུ་ཟིན་པའི་གོ་གནས་སོགས་ནས་གསུང་བཤད་ཀྱི་སྒོ་ཡངས་པོར་ཕྱེ་སྟེ། སློབ་གཉེར་བ་རྣམས་ལ་ཐེངས་འདིའི་སློབ་སྦྱོང་གི་གོ་སྐབས་དམ་འཛིན་བྱས་ནས་སློབ་སྦྱོང་ཧུར་ཐག་གནང་དགོས་པའི་སྐུལ་མ་བྱས་སོ།།

     སློབ་ཚུགས་མཛད་སྒོའི་མཇུག་ཏུ་དབུ་ཁྲིད་རྣམ་པ་དང་། དགུན་ཐོག་ཁྲིད་སྟེགས་ཀྱི་དགེ་སློབ་ཡོངས་ཕུན་སུམ་ཐོག་ཁང་གི་འཁྲིས་སུ་ཕེབས་ནས་དྲན་རྟེན་མཉམ་པར་བསྐྱོན། དེ་ནས་དགེ་རྒན་པ་སངས་དབང་འདུས་ལགས་ཀྱི་བཙན་པོ་དུས་རབས་ཀྱི་ལོ་རྒྱུས་ཡིག་ཚང་སྤྱི་བཤད་ཅེས་པའི་སློབ་ཁྲིད་ཐོག་མ་དེ་དངོས་སུ་དབུ་བརྩམས་གནང་ཞིང་། དགེ་རྒན་ལགས་ཀྱིས་ད་ལྟའི་བར་དུ་རྒྱལ་ཕྱི་ནང་གི་དཔེ་མཛོད་ཁང་སོགས་སུ་ཉར་ཚགས་གནང་བའི་བོད་བཙན་པོའི་སྐབས་ཀྱི་ལོ་རྒྱུས་ཡིག་ཚང་དག་གི་དཔར་སྐྲུན་དང་དཀར་ཆག་གི་གནས་ཚུལ་ཞིབ་ཕྲ་དང་། བོད་བཙན་པོའི་སྐབས་ཀྱི་ལོ་རྒྱུས་ཡིག་ཚང་རིགས་སོ་སོའི་ནང་དོན་དང་བཅས་པ་ངོ་སྤྲོད་གནང་། ཐེངས་འདིར་དགེ་རྒན་ཁོང་ནས་བསྟུད་མར་བོད་ཀྱི་ལོ་རྒྱུས་ཡིག་ཚང་ཁྲོད་དུ་གལ་ཆེ་བའི་རྡོ་རིང་ཡི་གེ་དང་ཅོང་ཡིག ཤོག་དྲིལ་ཁག་ཅིག་གི་སྐོར་ལ་སློབ་ཁྲིད་གནང་འཆར་ཡོད་འདུག
     དེ་མིན་ཐེངས་འདིའི་དགུན་ཐོག་ཁྲིད་སྟེགས་ཀྱི་ཚོགས་ཡུན་ནི་སྤྱི་ཟླ་དང་པོའི་ཚེས་ལྔ་ནས་བཅུ་གསུམ་བར་ཡིན་ཞིང་། དབུ་བཞུགས་སློབ་དཔོན་ཆེན་མོ་དགེ་རྒན་པ་སངས་དབང་འདུས་ལགས་ནས་ཟུར་དུ་འབྲེལ་ཡོད་ཀྱི་རིག་གཞུང་འཆད་ཁྲིད་གསུམ་གནང་འཆར་ཡོད་པར་མ་ཟད། ཟུར་བཞུགས་སློབ་དཔོན་ཆེན་མོ་ཧྲི་ཤང་སྟོང་དང་ཀཏཱི་ཡ་ཆིར་མཁའ་སྐྱབས། ཙོང་ཁ་ཡོངས་གྲོལ་མགོན་པོ་དང་ཡེ་ཤེས་འོད་གསལ་ཨ་ཚོགས་སོགས་ནས་ཀྱང་བོད་སྐད་དང་བོད་རྒྱ་སྐད་རིགས་ཞིབ་འཇུག་དང་འབྲེལ་བའི་རིག་གཞུང་འཆད་ཁྲིད་བཞི་དང་སློབ་མའི་རིག་གཞུང་བགྲོ་གླེང་ཚོགས་འདུ་བཅས་བཀོད་སྒྲིག་བྱེད་ཡོད་དོ། །

     དགུན་ཐོག་བོད་སྐད་ཡིག་ཞིབ་འཇུག་མཐོ་རིམ་ཁྲིད་སྟེགས་ནི་བོད་རྒྱ་སྐད་རིགས་ཞིབ་འཇུག་གི་དབྱར་སྦྱོང་འཛིན་གྲྭའི་རྗེས་སུ། ནན་ཁའེ་སློབ་ཆེན་གྱིས་གཙོ་སྒྲུབ་བྱེད་པའི་བོད་རྒྱ་སྐད་རིགས་ཞིབ་འཇུག་སྐོར་གྱི་མུ་འབྲེལ་སློབ་ཁྲིད་ཅིག་སྟེ། མ་འོངས་པར་ལོ་རེར་བོད་སྐད་ཡིག་ཐད་ཀྱི་ཆེད་མཁས་པ་རྩེ་གྲ་ཞིག་གདན་དྲངས་ནས་སློབ་ཁྲིད་ཆ་ཚང་ཞིག་སྤེལ་རྒྱུ་དང་། བོད་རྒྱ་སྐད་རིགས་ཞིབ་འཇུག་གི་འཕེལ་རྒྱས་ལ་སྐུལ་འདེད་དང་། བོད་རྒྱ་སྐད་བརྡ་རིག་པའི་ཕྱོགས་ཀྱི་ཆེད་སྦྱོང་མི་སྣ་གསོ་སྐྱོང་ལ་རྔོ་ཅུང་ཟད་ཡོང་བའི་ལྷག་བསམ་གྱིས་ཀུན་ཏུ་སློང་སྟེ། དགུན་ཐོག་ཁྲིད་སྟེགས་ཀྱི་བོད་ཀྱི་རིག་གཞུང་སློབ་ཁྲིད་དང་། དབྱར་སྦྱོང་འཛིན་གྲྭའི་དེང་རབས་སྐད་བརྡ་རིག་པའི་གཞུང་ལུགས་མཛུབ་ཁྲིད་གཉིས་མཉམ་དུ་སྦྲེལ་བ་ལགས་སོ། །


འདི་རུ་དཔྱད་བརྗོད་འཇོག་པའམ་ཡང་ན་དཔྱད་བརྗོད་ལ་གཟིགས་ཆོག
དཔྱད་འཇོག་ཤོག་ངོས་ཕབ་བཞིན་པ།
正在加载评论列表...