སྡེབ་ངོས་རྩོམ་ཡིག་ཀློག་ཐབས།
དཀར་རིལ་མནན་ཏེ་རིགས་དབྱེ་ལ་ལྟ་བ།
《མཚོ་སྔོན་སྤྱི་ཚོགས་ཚན་རིག》ཏུ་རྩོམ་བསྐུར་བར་དོ་སྣང་བྱ་དགོས་པ་འགའ།
རྩོམ་པ་པོ། མི་གསལ། རྩོམ་སྒྲིག་པ། Lhamo དུས་ཚོད། 2019-1-17 10:48:00 རྩོམ་ཁུངས། མཚོ་སྔོན་སྤྱི་ཚོགས་ཚན་རིག ཀློག་གྲངས།

     《མཚོ་སྔོན་སྤྱི་ཚོགས་ཚན་རིག》ཅེས་པའི་བོད་ཡིག་དུས་དེབ་སྤེལ་ནས་ལོ་ངོ་གཅིག་ཕྱིན་པར་རྟེན་འབྲེལ་ཞུ་བ་དང་ཆབས་ཅིག ངེད་རྩོམ་སྒྲིག་ཁང་གིས་ཡང་བསྐྱར་གལ་པོ་ཆེ་ལ་ནན་ཏན་གྱི་ཚུལ་དུ་གྲོགས་རིག་པ་སྨྲ་བ་དག་གིས་ཕྱག་རྩོམ་བསྐུར་དུས་ཐུགས་ལ་འཛིན་རྒྱུ་དང་དོ་སྣང་མཛད་དགོས་པའི་དོན་ཚན་འགའ་གཤམ་ཏུ་བརྗོད་པར་བྱའོ།།
     དང་པོ། དུས་དེབ་ཀྱི་འགན་འཁྲིའི་ཐད་དུ། ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་གཞིར་བཟུང་ནས། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དུས་རབས་གསར་པར་སླེབས་པའི་ཕུགས་འདུན་མངོན་འགྱུར་དང་། ཏང་གི་ཆབ་སྲིད་ཀྱི་མགོ་ཁྲིད་ནུས་པ། བསམ་བློའི་ནུས་པ། མང་ཚོགས་རྩ་འཛུགས་ནུས་པ། སྤྱི་ཚོགས་འབོད་སྐུལ་ནུས་པ་སོགས་སྔར་ལས་ཤུགས་དྲག་འབྱུང་བ་གསལ་བོར་སྟོན་དགོས་ལ། རླབས་ཆེན་གྱི་ལས་དོན་དེར་སྐུལ་འདེད་སྒོས་ཐོག་མཐའ་བར་གསུམ་དུ་རྒྱུན་འཁྱོངས་བྱ་རྒྱུ།
     གཉིས་པ། རྩོམ་ཡིག་བརྗོད་བྱའི་ཐད་དུ། ད་སྔའི་རྩོམ་ཡིག་ལ་གཞིགས་ན་ཆེད་མཁས་པ་དང་ཞིབ་འཇུག་པ་མང་དག་ཅིག་གིས་གནའ་རབས་ལོ་རྒྱུས་དང་ཆོས་ལུགས་ཀྱི་སྐོར་ལ་དཔྱད་རྩོམ་བྲིས་པ་མང་མོད། དེ་དག་ནི་དེང་རབས་ཞིབ་འཇུག་གི་ཐབས་ལམ་སྤྱད་ནས་དངོས་ཡོད་གནས་ཚུལ་ལ་བརྟག་དཔྱད་ཞིབ་འཇུག་གནང་བ་ཧ་ཅང་ཉུང་ལ། དེ་མིན་མཚན་ཉིད་རིག་པ་དང་ཆབ་སྲིད་རིག་པ། རིག་གནས་རིག་པ། སྤྱི་ཚོགས་རིག་པ། མི་རིགས་རིག་པ། སྐྱེ་ཁམས་རིག་པ། ལོ་རྒྱུས་རིག་པ། གནའ་དཔྱད་རིག་པ། མིའི་རིགས་རིག་པ། ཆོས་ལུགས་རིག་པ། སྐད་བརྡ་རིག་པ། དམངས་སྲོལ་རིག་པ། སློབ་གསོ་རིག་པ། གསོ་བ་རིག་པ། རྩོམ་རིག་སྒྱུ་རྩལ་རིག་པ་སོགས་དངོས་ཡོད་སྤྱི་ཚོགས་དང་ཁ་གཏད་ནས་ཚན་རིག་དང་མཐུན་པའི་སྒོ་ནས་ཞིབ་འཇུག་གནང་བ་ཧ་ཅང་ཉུང་། འདི་གས《མཚོ་སྔོན་སྤྱི་ཚོགས་ཚན་རིག》གི་དམིགས་ཡུལ་ནི་ཞིབ་འཇུག་པ་མང་པོ་ཞིག་ལ་རང་གི་ཁྱད་ནུས་འདོན་སྤེལ་གྱི་གར་སྟེགས་གསར་བ་ཞིག་བསྐྲུན་ཏེ། དཔྱད་འབྲས་མང་པོ་རྒྱ་ཆེའི་མང་ཚོགས་ཁྲོད་ཁྱབ་གདལ་སྒོས་བོད་ཀྱི་སྤྱི་ཚོགས་ལ་ཞབས་འདེགས་དང་གནད་དོན་ཐག་གཅོད་བྱེད་པའམ་ཕན་ནུས་རང་བཞིན་ལྡན་པར་གྲོགས་རིག་པ་སྨྲ་བ་དག་གིས་ལྷུགས་སྩོལ་གནང་རྒྱུར་ཐུགས་རྗེ་ཆེ་ཞུ།
     གསུམ་པ། རྩོམ་ཡིག་གི་རྗོད་བྱེད་ཐད་དུ། མིག་སྔར་བོད་ཀྱི་དུས་དེབ་ཁག་གི་རྩོམ་ཡིག་ལ་གཞིགས་ན། རྩོམ་སྒྲིག་ཁང་སོ་སོ་དང་རྩོམ་སྒྲིག་པ་སོ་སོའི་རྩོམ་སྒྲིག་བྱེད་ཕྱོགས་ལ་གཅིག་གྱུར་དང་ཚད་ལྡན་གྱི་སྲོལ་ལུགས་ཤིག་ཆགས་མེད་པར་མ་ཟད། གཞིར་འཛིན་པའི་དག་ཡིག་ཀྱང་མི་འདྲ། ཡིན་ཡང་། འདི་གས་མཚོ་སྔོན་དང་ཀན་སུའུ། ལྷ་ས་སོགས་ཀྱི་རྩོམ་སྒྲིག་བགྱིས་ཟིན་པའི་དུས་དེབ་རྣམས་མ་དཔེར་བཟུང་ནས་དེ་དག་གི་ལེགས་ཆ་བསྡུ་ལེན་བྱེད་ཀྱིན་ཡོད། དཔེར་ན། རྒྱ་ཡིག་གི་མིང་བརྡ་ནི་ངེས་པར་དུ་ཚིག་མཛོད་དང་བསྟུན་པ། ཚེག་དང་ཤད་རྣམས་ཀྱང་ལུགས་མཐུན་ལྟར་སྤྱོད་པ། སྒྲ་རྟགས་དང་དཔེ་རྟགས་ངེས་པར་དང་ལེན་བྱེད་པ། ཨང་ཀི་ཅི་ཡོད་ཨ་རབ་ཀྱི(阿拉伯)ཨང་ཀི་སྤྱོད་པ། དཔྱད་གཞིའི་ཡིག་ཆ་མ་ཕྱི་དང་ཡོངས་སུ་བསྟུན་པ། ཞབས་མཆན་གྱི་གོ་རིམ་མ་འཆོལ་བ་དང་ལུང་འདྲེན་དཔེ་དེབ་ཀྱི་རྩོམ་སྒྲིག་ཁང་དང་པར་སྐྲུན་གྱི་ལོ་དུས་ཤོག་ངོས་སོགས་ཞིབ་མོར་འགོད་དགོས་པར་མ་ཟད། ལུང་ནི་གང་ནས་གང་བར་དྲངས་པ་ལ་ངེས་པར་དུ “”དྲངས་རྟགས་ནང་དུ་འཇོག་དགོས།


དཔྱད་གཞིའི་མཚོན་རྟགས་འགོད་སྟངས།

     བཞི་པ། རྩོམ་ཡིག་གི་མ་ཕྱིའི་ཐད་དུ། བསྐུར་རྩོམ་སྔ་མ་དག་གི་ཡིག་གཟུགས་ལ་རིགས་མི་འདྲ་བ་མང་པོ་བྱུང་ཡོད་ལ། ཡིག་གཟུགས་དེ་དག་གཅིག་མཐུན་བཟོ་བའི་གོ་རིམ་ཁྲོད་ཡིག་འབྲུ་བོར་བརླག་ཏུ་འགྲོ་བའམ། ཡི་གེ་འགྱུར་ནས་བརྡ་ལོག་འབྱུང་བ་སོགས་འགལ་རྐྱེན་མང་པོར་འཕྲད། དེ་བས་འདི་གས་གཏན་ལ་ཕབ་པ་ནི། ཡིག་གཟུགས་ངེས་པར་ཧི་མ་ལ་ཡའི་ཡིག་གཟུགས Microsoft Himalayaཡིན་དགོས་པ་དང་། རྒྱ་ཡིག་གི་ཡིག་གཟུགས宋体ཡིན་དགོས་ལ། དབྱིན་ཡིག་གི་ཡིག་གཟུགས Arialཡིན་དགོས་པར་མ་ཟད། ད་དུང་ཡིག་མགོར་སྟོང་ཆ་བཞི་དང་ཤད་ཀྱི་མཇུག་ཏུ་སྟོང་ཆ་གཉིས་རེ་བསྐྱུར་ཏེ་ཚིག་སྒྲུབ་རྗེས་མ་མཐུད་པར་བྱེད། གལ་སྲིད་གཏན་འཁེལ་ཡིག་གཟུགས་དང་མ་མཐུན་ཚེ་རྩོམ་ཡིག་དེ་ཉིད་ཐོག་མའི་སྡིངས་ཆར་སླེབས་མི་ཐུབ་པ་བཞིན་དགོངས་འཇགས་འཚལ།
     ལྔ་པ། བརྗོད་བྱའི་ནང་དོན་གསར་པ་དང་ལྟ་བ་ཡང་དག སྒྲུབ་བྱེད་ཀྱི་ཁུངས་ལུང་ཚད་ལྡན། ཞིབ་འཇུག་གི་རིན་ཐང་ཟབ་མོ་ལྡན་དགོས་ལ། ཡིག་འབྲུ་སྟོང་ལྔ་ནས་ཆིག་ཁྲིའི་བར་ཡིན་དགོས་ལ།ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི 《བརྡ་འཕྲིན་དང་ཡིག་ཚང་། དཔྱད་གཞི་ཡིག་ཆའི་རྩོམ་མཁན་དང་དཀར་ཆག་གི་ཚད་གཞིའི》-(GB/T7714-2015)བླང་བྱ་ལྟར། ཕྱག་རྩོམ་གྱི་མཆན་རྣམས་ཞབས་མཆན་འགོད་དགོས། དཔྱད་གཞིའི་ལུང་ཁུངས་ཀྱི་གོ་རིམ་འགོད་སྟངས་ནི། 1.རྩོམ་པ་པོ། 2.དཔྱད་ཡིག་གི་མཚན་བྱང་། 3.དཔྱད་ཡིག་མཚོན་རྟགས། 4.དཔེ་སྐྲུན་ཁང་གི་མིང་། 5.པར་སྐྲུན་གྱི་ལོ་ཚིགས་དང་དཔར་ཐེངས། 6.ཤོག་ངོས། (དཔེར་ན། མཁས་པ་ལྡེའུ། 《རྒྱ་བོད་ཆོས་འབྱུང་རྒྱས་པ》 [M] བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་། 1987ལོའི་པར་ཐེངས་དང་པོ། ཤོག་ངོས 9) ཞེས་པ་ལྟ་བུའོ།།
     དྲུག་པ། དཔྱད་རྩོམ་གྱི་ཡི་གེ་ནི་ཧི་གཟུགས་ཡིན་དགོས་ཤིང་། ཡི་གེའི་ཆེ་ཆུང་གི་ཚད་ནི་གཉིས་པའི་ཆུང་བ་ཅན(小二)ཡིན་དགོས་ལ། ཞབས་མཆན་ནི་བཞི་པ་ཡིན་དགོས། ཕྱག་རྩོམ་ལས་འབྱུང་བའི་གྲངས་ཀ་དག་ཨ་རབ་ཀྱི་ཨང་གྲངས་དང་རྒྱལ་སྤྱིའི་གཅིག་གྱུར་གྱི་མཚོན་རྟགས་རྣམས་འགོད་དགོས། རྒྱ་བོད་ཐ་སྙད་ཀྱི་ཡིག་སྒྱུར་ནི《རྒྱ་བོད་ཤན་སྦྱར་ཚིག་མཛོད》དང་བསྟུན་དགོས་ཚུལ་དཔེར་ན།(袁隆平yuanlong ping)ཞེས་པ་རྒྱ་བོད་ཤན་སྦྱར་ཚིག་མཛོད་ལྟར་དུ་ཡོན་ལུང་ཕིང་ཞེས་བསྒྱུར་ཡོད་ཅིང་། 《རྒྱ་བོད་ཤན་སྦྱར་ཚིག་མཛོད》ལ་གཞི་བཅོལ་ཚེ་མིང་བརྡ་གཅིག་གྱུར་ཡོང་བར་ཕན་ཐོགས་ཡོད་སྙམ། དེ་བཞིན་དུ(北京)ལ་པེ་ཅིང་དང(澳大利亚)ལ་ཨོ་སི་ཁྲུ་ལི་ཡ་ལྟ་བུའོ།།
     བདུན་པ། དཔྱད་གཞིར་དྲངས་པའི་དཔེ་དེབ་དང་། རིག་དེབ། སྙན་ཞུ། དེ་བཞིན་ཚགས་པར་སོགས་ཀྱི་དཔྱད་ཡིག་མཚོན་རྟགས་ཇི་ལྟར་འགོད་དགོས་མིན་གཤམ་གསལ་གྱི་རེའུ་མིག་ལྟར་ཡིན།
     བརྒྱད་པ། རྒྱལ་ཁབ་སྤྱི་ཚོགས་ཚན་རིག་ཐེབས་རྩའི་ལས་གཞི་དང་ཡང་ན་ཞིང་ཆེན་དང་པུའུ་ཨུའི་མཚན་ཉིད་རིག་པ་དང་སྤྱི་ཚོགས་ཚན་རིག་གི་ཞིབ་འཇུག་རྣམ་གྲངས་ལས་གཞི་སོགས་ཡིན་ཚེ། ཕྱག་རྩོམ་ནང་ལས་གཞིའི་མིང་ཡོངས་དང་ཨང་རྟགས་བཅས་བཀོད་དེ་གསལ་བཤད་བྱེད་དགོས།
     དགུ་པ། རྩོམ་པ་པོ་ངོ་སྤྲོད། (མཚན། ལས་ཁུངས། སློབ་གནས། ལས་ཀའི་མིང་ཐོབ། ཞིབ་འཇུག་གི་ཁ་ཕྱོགས)དེ་མིན་ཕྱག་རྩོམ་གྱི་མཚན་བྱང་རྒྱ་བོད་ཤན་སྦྱར་གྱིས་འབྲི་རྒྱུ་དང་རང་ཉིད་ཀྱི་འབྲེལ་གཏུགས་བྱ་ཡུལ། སྡོད་གནས་སོགས་གསལ་བོར་འགོད་རོགས།
     བཅུ་པ། དངོས་ཡོད་སྤྱི་ཚོགས་ཀྱི་གནད་དོན་རྟོག་དཔྱོད་ཞིབ་འཇུག་སྐོར་གྱི་དཔྱད་རྩོམ་ཡིན་ཚེ། དུས་དེབ་སྟེང་ལ་འགོད་པར་དམིགས་བསལ་ཡོད། གཞན་ཡང་འདི་གར་འབྱོར་བའི་ཕྱག་རྩོམ་ཕྱིར་སློག་བྱ་རྒྱུ་མིན་པས་མ་ཕྱི་རྩོམ་པ་པོ་རང་གིས་ཉར་ཚགས་བྱ་དགོས་ཤིང་། པར་དབང་དང་འགལ་བའི་གཞན་རྩོམ་བརྐུ་བཤུ་དང་པར་སྐྲུན་བསྐྱར་ཟློས་སོགས་ཀྱི་གནས་ཚུལ་བྱུང་ཚེ། རྩོམ་པ་པོ་རང་ཉིད་ཀྱིས་འགན་འཁུར་དགོས།
     བཅུ་གཅིག་པ། དཔྱད་རྩོམ་གྱི་ཁ་བྱང་དང་། ནང་དོན་གནད་བསྡུས། ཐ་སྙད་གཙོ་བོ་གསུམ་ནི་རྒྱ་ཡིག་དང་དབྱིན་ཡིག་སོ་སོར་སྒྱུར་ཏེ་བསྐུར་དགོས།


འདི་རུ་དཔྱད་བརྗོད་འཇོག་པའམ་ཡང་ན་དཔྱད་བརྗོད་ལ་གཟིགས་ཆོག
དཔྱད་འཇོག་ཤོག་ངོས་ཕབ་བཞིན་པ།
正在加载评论列表...