སྡེབ་ངོས་རྩོམ་ཡིག་ཀློག་ཐབས།
དཀར་རིལ་མནན་ཏེ་རིགས་དབྱེ་ལ་ལྟ་བ།
གསེར་ཆེན་རྫོང་མི་རིགས་སློབ་འབྲིང་གི་དགའ་བ་གསུམ་དང་གྲོན་ཆུང་གསུམ་གྱི་བརྗོད་དོན་སློབ་གསོ་སྤེལ།
རྩོམ་པ་པོ། མི་གསལ། རྩོམ་སྒྲིག་པ། Lhamo དུས་ཚོད། 2019-3-8 10:56:00 རྩོམ་ཁུངས། མཚོ་སྔོན་པོའི་དྲ་བ། ཀློག་གྲངས།

           ཇི་སྐད་དུ། ལན་ཅིག་རྙེད་པའི་དལ་བའི་རྟེན་བཟང་འདི། །
           ཤིན་ཏུ་རྙེད་དཀའ་དོན་ཆེན་ཤེས་གྱུར་ནས། །
           ཉིན་མཚན་ཀུན་ཏུ་སྙིང་བོ་ལེན་པའི་བློ། །
           རྒྱུན་ཆད་མེད་པར་སྐྱེ་བར་བྱིན་གྱིས་རློབས། །
     སྤྱི་ཟླ3པའི་ཚེས6ཉིན་གྱི་ཕྱི་དྲོའི་དུས་ཚོད4:30སྟེང་། གསེར་ཆེན་རྫོང་མི་རིགས་སློབ་འབྲིང་གིས་དགའ་བ་གསུམ་དང་གྲོན་ཆུང་གསུམ་གྱི་བརྗོད་དོན་སློབ་གསོའི་བྱ་འགུལ་དེ་སློབ་གྲྭའི་འཆད་ཁྲིད་མུན་སེལ་གླིང་དུ་གཟབ་རྒྱས་ངང་སྤེལ་མགོ་ཚུགས་པ་རེད། 
     ཐེངས་འདིའི་བྱ་འགུལ་ལ་ཞུགས་པའི་མི་སྣ་ནི་སློབ་སྤྱི་གཡུང་དྲུང་བསྟན་པ་དང་སློབ་སྤྱི་གཞོན་པ་ཚེ་གཟུངས། སློབ་གྲྭའི་གཞུང་ལས་ཁང་གི་ཀྲུའུ་རིན་རྡོ་རྗེ་ཚེ་བརྟན། ལོ་རིམ་ཁག་གི་འགོ་ཁྲིད་དང་འཛིན་གྲྭ་སོ་སོའི་འཛིན་གཙོ་དང་སློབ་མའི་ཚོགས་པ་བཅས་མི200ལྷག་ཐེངས་འདིའི་སློབ་གསོའི་བྱ་འགུལ་དུ་ཞུགས་པ་ཡིན་ལ། སློབ་གྲྭའི་གཞུང་ལས་ཁང་གི་ཀྲུའུ་རིན་རྡོ་རྗེ་ཚེ་བརྟན་ལགས་ཀྱིས་ཐེངས་འདིའི་བྱ་འགུལ་ལ་མདོ་འཛིན་བྱས་པ་རེད།
     རེབ་འདིའི་སློབ་གསོའི་བྱ་འགུལ་ལ་དོན་ཚན་ཆེན་པོ་གཉིས་ཀྱིས་གྲུབ་པ་ཡིན་ལ་དང་པོ་ནི་སློབ་གྲྭའི་སློབ་སྤྱི་གཞོན་པ་ཚེ་གཟུངས་ལགས་ཀྱིས་སློབ་མའི་སྒྲིག་ལམ་དང་སློབ་སྦྱོང་གི་ཆ་ནས་གསུངས་བཤད་གནང་བ་དང་། གཉིས་པ་ནི་སློབ་གྲྭའི་སློབ་སྤྱི་གཡུང་དྲུང་བསྟན་པ་ལགས་ཀྱིས་སློབ་མའི་ཀུན་སྤྱོད་དང་སྒོས་སུ་མི་གཤིས་ལེགས་པོ་ཞིག་འཁྱོངས་བར་བྱེད་པའི་ཆ་ནས་ཇི་ལྟར་འབད་པ་བྱེད་དགོས་ཚུལ་གྱི་གསུངས་བཤད་གནང་བ་བཅས་སོ། །
     དང་པོ། སློབ་གྲྭའི་སློབ་སྤྱི་གཞོན་པ་ཚེ་གཟུངས་ལགས་ཀྱིས་སློབ་མའི་སློབ་སྦྱོང་གི་ཐད་ནས་རེ་བ་ཆེན་པོ་གཉིས་བཏོན་པ་སྟེ། གཅིག་ནས་ལོ་རིམ་བདུན་པ་དང་བརྒྱད་པའི་སློབ་གྲོགས་ཐམས་ཅད་ཀྱིས་དགོང་སྦྱོང་གི་དུས་སུ་གཅིག་ནས་ལྷིང་འཇགས་སྒོས་བསླབ་བྱ་སོ་སོའི་ཁྲོད་ཀྱི་དཀའ་གནད་རང་སྟེང་ནས་ཐག་གཅོད་བྱེད་པ་དང་། ཐག་གཅོད་བྱེད་མི་ནུས་པའི་དཀའ་གནད་ཀྱི་སྐོར་སང་ཉིན་དྲོས་ཇའི་རང་སྦྱོང་གི་སྐབས་སུ་དགེ་རྒན་ལ་དྲིས་ཏེ་ཡང་དག་པའི་སྒོ་ནས་ཁོང་དུ་ཆུད་པར་བྱེད་དགོས་པ། གཉིས་ནས་དགོང་སྦྱོང་གི་སྐབས་སུ་འུར་མི་རྒྱག་པ་དང་གང་སར་མི་རྒྱུགས་པ། སློབ་གྲོགས་གཞན་གྱི་སློབ་སྦྱོང་ལ་བར་ཆད་འབྱུང་བའི་བྱ་བ་མི་བྱེད་པ། རང་གིས་སྒྲུབ་དགོས་པའི་འོས་འགན་ལས་བབས་མེད་པའི་དོན་དག་གཞན་གང་ཡང་མི་སྒྲུབ་པར་སློབ་སྦྱོང་གི་འོས་འགན་དུས་ལྟར་ལེགས་འགྲུབ་བྱེད་དགོས་ལ། ཁྱད་པར་དུ་བསླབ་བྱ་མཐའ་དག་ལ་ཕྱོགས་རིས་མེད་པའི་སྒོ་ནས་སློབ་སྦྱོང་དང་ནན་ཏན་སྒོས་སྦྱངས་བརྩོན་དཔྱིས་ཕྱིན་པ་ཞིག་བྱེད་དགོས་ཤིང་རང་གི་ཀུན་སྤྱོད་སོགས་ཕྱོགས་གང་ཐད་ལ་སྔ་ན་མེད་པའི་ཡར་རྒྱས་ཆེན་པོ་འབྱུང་བར་ཧུར་བརྩོན་བྱེད་དགོས་པ་བསྟན། དེ་དང་ཆབས་ཅིག་ཏུ་སློབ་མའི་སྒྲིག་ལམ་གྱི་ཐད་ནས་ཀྱང་གནད་དོན་ཆེན་པོ་བདུན་དམིགས་སུ་བཀར་ཏེ་སློབ་སྟོན་གནང་བ་རེད།
     ༡.སློབ་མས་སློབ་ལྭ་མི་གྱོན་པའི་གནད་དོན་ཐག་གཅོད་བྱེད་དགོས་པ།
     ༢.སློབ་མས་སྐྲ་རིང་བོ་འཇོག་པ་དང་སྐྲའི་ཁ་དོག་བསྒྱུར་བ། སློབ་མའི་ཁྱད་ཆོས་དང་མི་འཚམ་པའི་སྐྲའི་བཟོ་དབྱིབས་སྣ་ཚོགས་ལ་སྔོན་འགོག་བྱེད་དགོས་པར་གསུངས།
     ༣.སློབ་མས་རྒྱན་ཆའི་རིགས་སྤྲས་པར་བཅོས་བསྒྱུར་བྱེད་དགོས་པ།
     ༤.སློབ་མའི་བདེ་ཐང་ལ་མི་འཚམ་ཞིང་སློབ་གྲྭའི་ཁོར་ཡུག་གི་གཙང་དག་ལ་མི་མཐུན་པའི་ཞོར་ཟས་ཀྱི་རིགས་མི་ཟ་བ།
     ༥.འཆམ་མཐུན་སློབ་རའི་སྒྲིག་ལམ་དང་འགལ་བའི་བྱ་སྤྱོད་སྣ་ཚོགས་ལ་བཅོས་བསྒྱུར་བྱེད་དགོས་པ།
     ༦.དགོང་ཚོགས་གྲོལ་བ་ན་དུས་ལྟར་མལ་ཁང་དུ་མི་འགྲོ་བར་མ་རབས་ཐ་ཤལ་གྱི་བྱ་སྤྱོད་སྤེལ་བ།
     ༧.ཞོགས་རྩལ་གྱི་སྒྲིག་ལམ་བརྩི་སྲུང་མི་བྱེད་པའམ་ཞོགས་རྩལ་སྦྱངས་དུས་ནན་ཏན་མིན་པ་སོགས་དོན་ཚན་ཆེན་པོ་བདུན་ལ་དབྱེ་ཞིབ་བྱས་ཏེ། སློབ་གྲྭའི་སློབ་མ་སྤྱིའི་ངོས་ཐད་ནས་བཤད་ན་སློབ་སྦྱོང་དང་སྒྲིག་ལམ་སོགས་ཀྱི་ཆ་ནས་སྔར་ལས་ལྷག་པའི་འཕེལ་རྒྱས་སུ་འགྲོ་བཞིན་ཡོད་ན་ཡང་། སློབ་མའི་ཀུན་སྤྱོད་དང་རྒན་བཀུར་ཆུང་བྱམས་ཀྱི་ཐད་ནས་སྔོན་དང་བསྡུར་ན་ཇེ་ཞན་དུ་འགྲོ་བཞིན་ཡོད་ཚུལ་སོགས་ཀྱི་སློབ་སྟོན་གནང་སྟེ་སློབ་མའི་འགྲོ་འདུག་སྤྱོད་གསུམ་གང་གི་ཆ་ནས་ཡ་རབས་ཀུན་སྤྱོད་ཀྱི་ཕྱོགས་ལ་ནུས་པ་འདོན་དགོས་པའི་རེ་བ་ཆེན་པོ་བཏོན་པ་རེད།

     གཉིས་པ། སློབ་གྲྭའི་སློབ་སྤྱི་གཡུང་དྲུང་བསྟན་པ་ལགས་ཀྱིས་སློབ་མའི་ཀུན་སྤྱོད་དང་སློབ་སྦྱོང་གི་བྱེད་ཐབས་བཅས་ལ་དམིགས་ཏེ་དོན་ཚན་ཆེན་པོ་བཞི་ཡི་སྒོ་ནས་ཡང་དག་པའི་སློབ་སྟོན་གལ་ཆེན་གནང་བ་སྟེ།
གཅིག ཚུལ་ལྡན་གྱི་ཀུན་སྤྱོད་ལེགས་པོ་ནི་མི་ཆོས་ཀྱི་རྩ་བ་ཡིན།
     སློབ་སྤྱི་གཡུང་དྲུང་བསྟན་པ་ལགས་ཀྱིས་ཡིག་འབྲུ་ཉེར་བཞིས་གྲུབ་པའི་སྤྱི་ཚོགས་རིང་ལུགས་ཀྱི་རིན་ཐང་ལྟ་བ་དང་མི་ཆོས་གཙང་མ་བཅུ་དྲུག་དང་སྦྱར་ཏེ་སློབ་མའི་འགྲོ་འདུག་སྤྱོད་གསུམ་དང་ཀུན་སྤྱོད་སོགས་གང་གི་ཐད་ནས་སྔར་ལས་ལྷག་པར་བཅོས་བསྒྱུར་སྒོས་སློབ་མ་ཡ་རབས་ཤིག་དང་ཚུལ་ལྡན་གྱི་བྱིས་པ་བཟང་བོ་ཞིག་ཇི་ལྟར་བྱེད་དགོས་ཚུལ་སྐོར་གྱི་སློབ་སྟོན་ཡང་དག་གནང་བ་རེད། ཁོང་གིས་ནན་གྱིས་བསྟན་དོན་ཚུལ་ལྡན་གྱི་སློབ་འབྲིང་སློབ་མ་ཞིག་དང་ཀུན་གྱིས་མཐོང་ཆེན་བྱེད་པའི་བྱིས་པ་ཡ་རབས་ཤིག་བྱེད་དགོས་ན། གཅིག་ནས་ཕ་མའི་བཀའ་དྲིན་ཤེས་དགོས་པ་མ་ཟད། ཕ་མའི་བཀའ་བཞིན་སློབ་སྦྱོང་ལ་འབད་པ་ཆེན་པོ་བྱེད་དགོས་ལ། མ་འོངས་པ་ན་རྒྱལ་ཁབ་དང་མི་རིགས་ལ་ཕན་ཐོགས་པའི་འཇོན་ཐང་ལྡན་པའི་མི་སྣ་ཞིག་ཏུ་འགྱུར་བར་འབད་པ་བྱེད་དགོས། གཉིས་ནས་ཡོན་ཏན་ལྡན་པའི་མི་ལ་གོང་བཀུར་སྒོས་མི་དེ་དག་གི་རྒྱུད་དུ་ཡོད་པའི་ཐུན་མོང་མ་ཡིན་པའི་ཀུན་སྤྱོད་ལེགས་པོ་དང་ཡོན་ཏན་ལ་སློབ་སྦྱོང་བྱེད་དགོས། གསུམ་ནས་རིགས་མཐོ་བ་དང་རྒན་པ་ལ་བཀུར་བསྟི་བྱེད་དགོས་ཤིང་དེ་དག་གི་བསླབ་བྱ་ནང་ལྟར་རང་གི་མི་ཚེ་དོན་ལྡན་ཅན་དུ་འགྱུར་བར་བརྩོན་ལེན་བྱེད་དགོས། བཞི་ནས་ཉེ་དུ་དང་མཛའ་བཤེས་ལ་གཞུང་བཟང་བར་བྱ་དགོས་པ་སྟེ་རང་གི་གཉེན་ཉེ་དུ་དང་གྲོགས་པོ་དག་ལ་མཐོང་ཆེན་དང་བརྩི་འཇོག་སྒོས་དེ་དག་ལ་ཁྲེལ་མེད་ཀྱི་བྱ་བ་གཏན་ནས་སྒྲུབ་མི་རུང་བ། ལྔ་ནས་ཡུལ་མི་ཁྱིམ་མཚེས་ལ་ཕན་གདགས་པར་བྱེད་པ་སྟེ་རང་ནུས་གང་ཡོད་སྒོས་གཞན་དོན་ལ་སེམས་ཁུར་དང་གཞན་གྱི་བདེ་སྐྱིད་ལ་བརྩི་འཇོག་བྱེད་དགོས་ལ་གཞན་གྱི་དོན་དུ་འབད་པ་ཆེན་པོ་བྱེད་འདོད་ཀྱི་ལྷག་བསམ་ལྡན་དགོས། དྲུག་ནས་བཀའ་དྲང་ཞིང་སེམས་ཆུང་བར་བྱེད་པའིི་མི་གཤིས་ལེགས་པོ་ཀུན་སྤྱོད་བཟང་བོའི་ཕྱོགས་སུ་འབད་པ་ཆེན་པོ་བྱེད་དགོས་པ། བདུན་ནས་ཡ་རབས་ཀྱི་རྗེས་སྙེག་ཅིང་ཕྱི་ཐག་རིང་བའི་རང་ཚུགས་བརྟན་པོ་ཞིག་ལྡན་དགོས་ཤིང་རང་གཞན་གཉིས་ཕན་གྱི་ལས་ལ་བརྩོན་པར་ཕྱི་བཤོལ་བྱེད་མི་རུང་བ། བརྒྱད་ནས་ཟས་ནོར་ལ་ཚོད་ཟིན་པར་བྱེད་པ་སྟེ་རང་གཞན་ཀུན་གྱི་ཟས་ནོར་གང་ཡིན་ལ་གཅེས་སྤྲས་བྱེད་པ་ལས་ཆུད་ཟོས་སུ་གཏོང་མི་རིགས་པ། དགུ་ནས་སྔར་དྲིན་ཅན་གྱི་མི་ལ་རྩད་ཆོད་པར་བྱེད་དགོས་པ་སྟེ་རང་ལ་དགེ་བའི་ལས་བྱས་པ་དང་ཕན་གདགས་པར་མཛད་པའི་མི་ལ་དྲིན་ལན་འཇལ་བ། བཅུ་ནས་བུ་ལོན་དུས་སུ་འཇལ་བར་བྱ་ཞིང་བྲེ་སྲང་ལ་གཡོ་སྒྱུ་མེད་པར་རང་བཞིན་སྲོང་བོའི་ལས་ལ་རྒྱུན་འཁྱོངས་དང་དྲང་བདེན་དང་འདྲ་མཉམ་ལ་གོང་བཀུར་བྱེད་དགོས་པ། བཅུ་གཅིག་ནས་ཀུན་ལ་སྙོམས་ཤིང་ཕྲག་དོག་མེད་པའི་བསམ་བློ་ཁྱད་པར་ཅན་རང་གི་རྒྱུད་ལ་གོམས་པར་བྱ་དགོས་ཤིང་གཞན་གྱི་ཡོན་ཏན་སོགས་ལ་ཕྲག་དོག་མི་བྱེད་པར་དེ་ལ་སློབ་སྦྱོང་བྱེད་དགོས་པ། བཅུ་གཉིས་ནས་གྲོགས་ཀྱི་ནང་དུ་ངན་པའི་ངག་ལ་མི་ཉན་པར་རང་ཚུགས་འཛིན་པར་བྱེད་དགོས་པ་སྟེ་མ་རབས་སྤྱོད་ངན་ཅན་གྱི་མི་ལ་གྲོགས་མི་བསྒྲིགས་པ་དང་དེ་དག་གི་ངན་པའི་ངག་ལ་མི་ཉན་པར་ཡ་རབས་ཀུན་སྤྱོད་ལྡན་པའི་ལས་ལ་བརྩོན་པར་བྱེད་དགོས་པ། བཅུ་གསུམ་ནས་ངག་འཇམ་ཞིང་སྨྲ་བ་ཉུང་བར་བྱེད་པ་སྟེ་རང་ལས་རྒན་པའི་མི་ལ་གོང་བཀུར་དང་དེ་དག་ལ་རང་སེམས་རྣམ་དག་གིས་བརྩི་བཀུར་བྱེད་དགོས་པ། བཅུ་བཞི་ནས་བློ་ཁོག་ཡངས་པར་བྱེད་པ་སྟེ་བྱ་བ་གང་དང་གང་ཞིག་སྒྲུབ་པའི་ཚེ་ངེས་པར་དུ་བསམ་བློ་ལེགས་པོ་གཏོང་དགོས་པ་མ་ཟད་རང་དོན་ཁོ་ནའི་ཆེད་དུ་མ་ཡིན་པས་གཞན་དོན་ལ་སེམས་ཁུར་དང་གཞན་གྱི་བདེ་སྡུག་ལ་རྒྱུས་ལོན་བྱེད་དགོས་པ་སོགས་ཀྱི་སློབ་སྟོན་འགངས་ཆེན་གནང་བ་རེད།
གཉིས། དགེ་རྒན་ནི་ཡོན་ཏན་ཀུན་གྱི་འབྱུང་གནས་ཡིན།
     སློབ་སྤྱི་གཡུང་དྲུང་བསྟན་པ་ལགས་ཀྱིས་དགེ་སློབ་བར་དུ་རྣམ་དག་གི་བརྩེ་བ་དྲོན་མོ་ཞིག་ཡོད་དགོས་པ་མ་ཟད། སློབ་མ་སུ་ཡིན་ཡང་དགེ་རྒན་གང་ལ་དགའ་མོས་ཡོད་དགོས་ཚུལ་ནན་གྱིས་བསྟན་པ་སྟེ། སློབ་མའི་རྒྱུད་ལ་ཡོན་ཏན་ཅི་འདྲ་ཞིག་འབྱུང་མིན་ནི་སློབ་མ་དེ་དགེ་རྒན་ལ་དད་པ་ཡོད་མེད་ཁོ་ན་ལ་རག་ལས་པ་ཡིན་པར་གསུངས་ཡོད་པ་བཞིན། སློབ་མ་དེ་དགེ་རྒན་ལ་དགའ་ཞིང་ཡིད་ཆེས་ཡོད་ན་ད་གཟོད་དགེ་རྒན་གྱིས་གང་ཁྲིད་པའི་ཡོན་ཏན་རྣམས་འཕྲལ་དུ་རྒྱུད་ལ་འབྱོར་སླ། དེ་ནི་མི་ལོ་སྟོང་ཕྲག་གི་ཉམས་མྱོང་དང་བྱུང་བ་དངོས་ལ་བརྟག་ནས་ཐག་བཅད་པ་ཞིག་རེད་ཞེས་གལ་བོ་ཆེ་ལ་ནན་ཏན་གྱི་སྒོ་ནས་སློབ་སྟོན་གནང་བ་རེད།
གསུམ། སྐད་གསང་མཐོན་པོས་ཀློག་འདོན་བྱས་ན་ཕན་འབྲས་ཆེ།
     སློབ་སྤྱི་གཡུང་དྲུང་བསྟན་པ་ལགས་ཀྱིས་ད་དུང་སློབ་མས་སྐད་གསང་མཐོན་པོའི་ཀློག་འདོན་བྱེད་དགོས་ཚུལ་དང་དེ་ལྟར་ཀློག་འདོན་བྱས་པའི་དགེ་མཚན་སོགས་ཀྱང་ཁ་གསལ་ཁུངས་དག་གིས་སློབ་སྟོན་གནང་བ་རེད། ཁོང་གིས་བསྟན་དོན་ཀློག་འདོན་ནི་མི་རེ་རེར་དབང་བ་སྟེ། མི་ལོ་བརྒྱད་བརྒྱའི་སྔོན་གྱི་མཁས་དབང་ཀྲུའུ་ཞི་ཡིས“ཡི་གེ་ཀློག་པ་ཡིན་ཕྱིན། ཡིག་འབྲུ་རེ་རེ་སྐད་གསང་མཐོན་པོས་ཀློག་དགོས”ཞེས་བརྗོད་པ་ལྟར་རོ། ། ཀློག་འདོན་ནི་སློབ་སྦྱོང་བྱེད་སྟངས་ཤིག་ཡིན་པར་མ་ཟད། བརྩེ་དུང་དང་འདུ་ཤེས་རྒྱུད་འཛིན་བྱེད་ཐབས་ཤིག་ཀྱང་ཡིན། སྐད་གསང་མཐོན་པོས་ཀློག་འདོན་བྱས་ན་སྐད་ཚོར་སྐྱེད་སྲིང་བྱེད་ཐུབ་པར་མ་ཟད། བག་ཆགས་ཇེ་ཟབ་ཏུ་འགྲོ་བ་དང་། གོ་སྟོབས་འཕེལ་ཏེ་རང་རློམ་སྐྱེས་ཤིང་། གྲུབ་འབྲས་ལ་རོལ་མྱོང་གིས་དགའ་བ་བསྐྱེད་ཐུབ།
༡ ཀླད་གཡས་གསར་འབྱེད་བྱེད་པར་ཕན།
     སྐད་གསང་མཐོན་པོས་ཀློག་འདོན་བྱེད་པ་ནི་དོན་དངོས་སུ་ཀློག་འདོན་མཁན་རང་ཉིད་ཀྱི་སྐད་གདངས་ལ་རོལ་མྱོང་བྱེད་པ་ཡིན། དེ་ལྟར་ཡུན་རིང་ཕྱིན་ཚེ། བྱིས་པའི་དངོས་རྟོག་རྗེས་དཔག་གི་ནུས་པ་གསོ་བར་ཕན།
༢ བྱིས་པའི་གཤིས་ཀ་བསྒྱུར་བཅོས་བྱེད་པར་ཕན།
     གཤིས་ཀ་ཁོག་འཛིན་ཅན་གྱི་བྱིས་པ་མང་ཆེ་བས་མི་མང་འདུས་སར་རང་ཉིད་ཀྱི་སྐད་འབྱིན་འདོད་མེད་པའམ་ཡང་ན་སྐད་ཧ་ཅང་དམའ། གལ་ཏེ་བྱིས་པར་སྐད་གསང་མཐོན་པོས་སློབ་ཚན་དང་དཔེ་དེབ་གཞན་དག་གི་ནང་དོན་ཀློག་པ་རྒྱུན་འཁྱོངས་བྱས་ཚེ། བྱིས་པའི་རང་རློམ་མམ་ཡིད་ཆེས་བསྐྱེད་ཐུབ་པར་མ་ཟད། བྱིས་པ་གཏམ་གླེང་བྱེད་པར་དགའ་བར་བསྒྱུར་སླ་ལ། བྱིས་པའི་གཤིས་ཀའང་དེ་དང་བསྟུན་ནས་འགྱུར་སྲིད།
༣ བྱིས་པས་ཤགས་འགྱེད་ཀྱི་རིན་ཐང་རྟོགས་པར་ཕན།
     སྐད་གསང་མཐོན་པོས་སྒྲ་སྣ་ཚོགས་འབྱིན་པར་བྱེད་པ་དང་རང་ཉིད་ཀྱི་བསམ་ཚུལ་བརྗོད་དུ་འཇུག་པ་ནི་བྱིས་པ་མ་འོངས་ལས་དོན་ལ་ཞུགས་པར་བསྐུལ་བའི་བྱང་ཚད་ཇེ་ཡག་དང་སྤུས་ཚད་མཐོར་འདེགས་སུ་གཏོང་ཐབས་ཅིག་གོ
༤ རང་མཐོང་ཆུང་བའི་འདུ་ཤེས་བསྒྱུར་བར་ཕན།
     སྦྱངས་ཞན་སློབ་མ་མང་ཆེ་བས་རང་ཉིད་ལ་མཐོང་ཆུང་དང་རང་ཉིད་ཀྱི་ནུས་པར་ཡིད་ཆེས་མི་བྱེད་ལ། དེའི་མངོན་རྟགས་གཙོ་བོ་ནི་ཁོ་ཚོས་སྐད་གསང་མཐོན་པོས་སློབ་ཚན་ཀློག་འདོན་བྱེད་མི་ནུས་པའམ་རེ་བ་ལྟར་ཀློག་འདོན་བྱེད་མི་ཐུབ་པར་མ་ཟད། ཀློག་འདོན་སྐབས་ཡི་གེ་དང་ཐ་སྙད་ཆད་ལྷག་འབྱུང་བ། ཡང་ན་དྲི་བར་ལན་འདེབས་སྐབས་བསམ་ཚུལ་ཇི་བཞིན་བརྗོད་མི་ནུས་པའམ་ཚིག་སྔ་ཕྱི་འབྲེལ་མི་ཆགས་པ་རེད། སྐད་གསང་མཐོན་པོས་ཀློག་འདོན་བྱེད་ཚུལ་སྦྱང་བ་བྱེད་མགོ་བརྩམས་པ་ན། སྦྱངས་ཞན་སློབ་མ་མང་ཆེ་བར་ཀློག་འདོན་གྱི་བརྒྱུད་རིམ་ཁྲོད་བསམ་གཞིགས་ཀྱི་ནུས་པ་ངེས་ཅན་གྲུབ་ཐུབ།
༥ སྐད་གསང་མཐོན་པོས་ཀློག་འདོན་བྱེད་དུས་ཀླད་པའི་དབང་རྩར་ངར་ཤུགས་བསྐྱེད་པའི་རྣམ་པར་གནས།
     སྐད་གསང་མཐོན་པོས་ཀློག་འདོན་བྱེད་དུས་བྱིས་པའི་དབང་རྩ་ངར་ལངས་པའི་རྣམ་པར་གནས་པས། སློབ་ཚན་དང་རྩོམ་ཡིག་གི་ནང་དོན་གཏིང་ཟབ་ཏུ་གོ་བ་ལེན་པར་ཕན།
༦ བྱིས་པའི་དྲན་ཤེས་འཕེལ་བར་ཕན།
     སྐད་གསང་མཐོན་པོས་སློབ་ཚན་ཀློག་འདོན་བྱེད་དུས་བློ་རྩེ་གཅིག་སྒྲིམ་བྱེད་དགོས། བྱིས་པའི་སེམས་རྣལ་དུ་ཕབ་ནས་དོན་དག་ཅིག་སྒྲུབ་པའི་ཕན་འབྲས་ནི་དུས་རྒྱུན་ལས་ལྡབ་འགའི་མང་བས། བྱིས་པར་སྐད་གསང་མཐོན་པོས་ཀློག་འདོན་བྱེད་དུ་བཅུག་ན་ཀླད་ཆེན་ནི་སྟོང་བའི་རྣམ་པར་གནས་པས། ཀློག་འདོན་གྱི་ནང་དོན་སེམས་སུ་འཇགས་པར་ཕན་པ་སྟེ། མ་གཞི་སྐར་མ་སུམ་ཅུའི་ནང་ཡིད་ལ་འཛིན་ཐུབ་པའི་རིགས་རྣམས་སྐད་གསང་མཐོན་པོས་ཀློག་འདོན་བྱས་ན་སྐར་མ་བཅུའི་ནང་ཡིད་ལ་འཛིན་ཐུབ།
༧ སྐད་ཚོར་གྲུབ་པར་ཕན།
     སྐད་གསང་མཐོན་པོས་རྩོམ་ཡིག་ཀློག་པ་ནི་སྐད་ཚོར་གྲུབ་པའི་ཐབས་ལམ་ཉག་གཅིག་ཡིན། གལ་ཏེ་སྐད་གསང་མཐོན་པོས་རྩོམ་ཡིག་ཀློག་འདོན་མ་བྱས་ཚེ། སྐད་ཚོར་རྣལ་མ་འབྱུང་མི་སྲིད་ཅེས་བརྗོད་ཆོག
༨ རྩོམ་གྱི་མཛེས་པ་བསྐྱར་དུ་མྱོང་ཐུབ།
     རྩོམ་ཡིག་རེ་རེར་མངོན་མེད་དོན་མཚོན་གྱི་བྲོ་བ་དང་མཛེས་ཉམས་ཐུན་མོང་མ་ཡིན་པ་མཆིས་པར་མ་ཟད། རྩོམ་པ་པོའི་ཐོལ་ཤེས་ཀྱི་མཛེས་པ་སིམ་ཡོད། སྐད་གསང་མཐོན་པོར་བཀླག་ན་མཛེས་པ་དེ་རིགས་བསྐྱར་དུ་མྱོང་ཐུབ་ལ། རྩོམ་ཡིག་གི་ནང་དོན་གྱི་མཛེས་སྡུག་སེམས་ཀྱིས་ཚོར་ཐུབ།
༩ སྦྱངས་འབྲས་མཐོར་འདེགས་སུ་གཏོང་བར་ཕན།
     སྐད་གསང་མཐོན་པོས་བཀླགས་ན་ཡིད་ལ་འཛིན་དགོས་པའི་བསླབ་བྱ་ཁག་ལ་ཕན་པ་མངོན་གསལ་མཆིས། ཁྱིམ་བདག་རྣམས་ཀྱིས་རིང་ཐུང་མཚུངས་པའི་རྩོམ་ཡིག་གཉིས་གདམས་ཏེ། སྐད་དམའ་མོས་ཁོག་འདོན་དང་སྐད་གསང་མཐོན་པོས་གྱེར་འདོན་ཏེ་ཀློག་ཐབས་གཉིས་ལས་ཐབས་གང་ཞིག་ལ་ཕན་འབྲས་ལྡན་པ་ཚོད་ལྟ་བྱས་ཆོག
༡༠ རྩོམ་འབྲིའི་ནུས་པ་མཐོར་འདེགས་སུ་གཏོང་བར་ཕན།
     སྐད་གསང་མཐོན་པོས་གཞན་གྱི་རྩོམ་ཡིག་ཀློག་པ་ནི་སློབ་སྦྱོང་གི་བརྒྱུད་རིམ་ཞིག་དང་། སྐད་གསང་མཐོན་པོས་རང་ཉིད་ཀྱི་རྩོམ་ཡིག་ཀློག་འདོན་བྱེད་པ་ནི་དག་བཅོས་ལེགས་པར་བྱེད་པའི་བརྒྱུད་རིམ་ཞིགངར་ཤུགས་ཆེན་པོས་ཀློག་འདོན་དང་བློ་སྐྱོར་གྱིས་ཀློག་འདོན་གྱི་སྤྲོ་སྣང་ཆེར་བཏེགས་ཏེ། བརྩམས་ཆོས་གྲགས་ཅན་གྱི་སྡེབ་སྦྱོར་གྱི་མཛེས་པ་དང་། དབྱངས་འགྲོས་ཀྱི་མཛེས་པ། རྩོམ་ཉམས་ཀྱི་མཛེས་པ་བཅས་ཀློག་འདོན་ཁྲོད་ད་གཟོད་ཡང་དག་པར་རོལ་མྱོང་བྱ་ཐུབ་ལ། རྩོམ་ཡིག་གི་མགོ་དང་འཕེལ་རིམ། དཀྱོགས་མཚམས། མཇུག་བཅས་རོལ་མྱོང་མཐའ་འཁྱོལ་བྱ་ཐུབ། འདི་ལྟར་དུས་ཡུན་རིང་བོར་ཀློག་འདོན་རྒྱུན་འཁྱོངས་བྱས་ན། དཔྱོད་ཚོར་གྱི་ཐད་ནས་དང་ཤེས་ཚོར་གྱི་ཐད་ནས། ཕྱོགས་ཡོངས་ཀྱི་ཐད་ནས་བརྩམས་ཆོས་གྲགས་ཅན་གྱི་སྙིང་བཅུད་ལ་ངོས་འཛིན་དང་ཉམས་ཞིབ་བྱེད་ཐུབ་པར་མ་ཟད། རང་འགུལ་སྒོས་འཇུ་ལེན་བྱེད་ཐུབ། དུས་ཡུན་རིང་བོར་ཀློག་འདོན་རྒྱུན་འཁྱོངས་བྱས་ན། མིག་གིས་རིག་དུས་ཁ་འགུལ་ཤེས་པ་དང་། ཁ་འགུལ་བ་དང་ཆབས་ཅིག་རྣ་བས་ཉན་ཤེས་པ། རྣ་བར་གོ་མ་ཐག་ཏུ་སེམས་ནས་བསམ་ཤེས་པའི་དཔེ་ཀློག་གི་གོམས་སྲོལ་ཡག་པོ་ཞིག་གསོ་སྐྱོང་བྱ་ཐུབ། སྐད་ཡིག་སློབ་གསོའི་མཁས་དབང་དང་རྒན་རབས་པ་ཡེ་ཧྲིན་ཐའོ་ཡིས“སྙན་ངག་ཀློག་དུས། རྩད་ཞིབ་ཀྱི་ཡོང་འབབ་ལ་དཔྱོད་སྟོབས་ཀྱི་གོ་བ་ལེན་དགོས་པར་མ་ཟད། བྱམས་བརྩེ་ལྡན་པའི་ཉམས་ཞིབ་བྱ་དགོས། དེ་ལྟར་བྱས་ཚེ་ཤེས་མེད་ཚོར་མེད་ངང་རྩོམ་གྱི་ནང་དོན་དང་སྤྱི་ཁོག་སྒྲིག་གཞི་སོགས་ཀློག་པ་པོ་རང་ཉིད་ཀྱི་ཤེས་བྱར་འགྱུར་སྲིད་དེ། འདི་ནི་འབྱུང་དཀོན་པའི་སེམས་ཁམས་ཤིག་གོ། ”ཞེས་བསྟན་པ་བཞིན་ཚན་རིག་དང་མཐུན་པར་ཀློག་འདོན་བྱས་ན་སྐད་ཚོར་ལེགས་པར་གྲུབ་ཐུབ་པར་མ་ཟད། བློ་སྐྱོར་ནི་སྐད་ཡིག་རྒྱུ་ཆ་ནང་འགྱུར་གྱི་ཐབས་ལམ་ལེགས་ཤོས་ཏེ། ཀློག་འདོན་གྱིས་གྲུབ་པའི་སྐད་ཚོར་གསོག་འཇོག་དང་དྭངས་སྙིགས་འབྱེད་ཐུབ། ཚན་རིག་དང་མཐུན་པར་བཀླགས་པའི་མཇུག་འབྲས་ནི་སློབ་གྲོགས་རྣམས་ཀྱིས་ངག་ཐོག་ནས་རྩོམ་དང་ལེགས་བཤད་ཤར་མར་ཐོན་ཐུབ་ལ། འདི་ལྟའི་གསོག་འཇོག་ལས་ཐོབ་པའི་ཐ་སྙད་དང་སྣ་མང་ཕུན་སུམ་ཚོགས་པའི་སྐད་ཆའི་བརྗོད་སྟངས་ཀྱིས་འོ་སྐོལ་གྱི་རྩོམ་ཡིག་འབྲི་སྦྱོང་ལ་ལད་འབྲི་དང་གཞི་འཛིན་གྱི་ནུས་པ་ལྡན་པར་བྱས་ཏེ། རྩོམ་འབྲིའི་ནུས་པ་མཐོར་འདེགས་སུ་གཏོང་བར་ཕན་པ་ཆེན་པོ་ལྡན་པས་སྐད་གསང་མཐོན་པོས་ཀློག་འདོན་བྱེད་པར་རྒྱུན་འཁྱོངས་བྱེད་དགོས་པའི་རེ་བ་བཏོན་པ་རེད།
བཞི། ཆེས་ལེགས་པོའི་སློབ་སྦྱོང་གི་ཐབས་ལམ་ནི་སློབ་མས་སློབ་མར་ཁྲིད་རྒྱུ་དེའོ། །
     སློབ་སྤྱི་གཡུང་དྲུང་བསྟན་པ་ལགས་ཀྱིས་སློབ་མ་རྣམས་ལ་སློབ་སྦྱོང་གི་ཐབས་ལམ་ཡང་དག་པ་ཞིག་གནང་བ་ནི་དགེ་རྒན་གྱིས་ཁྲིད་པ་དང་སློབ་མས་ཉན་པར་བྱེད་པའི་རྣམ་པ་དེ་བཅོས་བསྒྱུར་བྱས་ཏེ་དགེ་རྒན་གྱིས་ཡང་དག་པའི་ཁ་ཕྱོགས་བསྟན་པ་ལྟར་སློབ་མ་རང་ཉིད་ཀྱིས་བསླབ་བྱའི་ཁྲོད་ཀྱི་རང་གིས་མི་ཤེས་པའི་གནད་དོན་རྣམས་ཐེར་འདོན་བྱས་པའི་རྨང་གཞིའི་སྟེང་ནས་ཤེས་རྟོགས་བྱུང་བའམ་རང་གི་བསམ་ཚུལ་སློབ་གྲོགས་ཕན་ཚུན་ལ་ཁ་གསལ་ཁུངས་དག་གིས་ཁྲིད་པར་བྱེད་དགོས་པའི་རེ་བ་ནན་མོ་བཏོན་པ་རེད། དེ་ལྟར་བྱས་ཚེ་གཅིག་ནས་སློབ་མ་རང་ཉིད་ཀྱི་སྤོབས་པ་སྐྱེད་སྲིང་དང་གཉིས་ནས་སྨྲ་བརྗོད་ཀྱི་ནུས་པ་མཐོར་འདེགས་བྱེད་པ། གསུམ་ནས་རང་གིས་བཤད་འདོད་པ་གང་ཞིག་ཐོགས་བཀག་མེད་པར་གཞན་གྱི་ཐོས་ལམ་དུ་སྒྲོན་པར་བྱེད་པའི་ནུས་པ་དང་ལྡན་པ་སོགས་སློབ་མས་སློབ་སྦྱོང་བྱེད་པའི་ཐབས་ལམ་ལ་སྔ་ན་མེད་པའི་སྐུལ་སློང་དང་སློབ་སྟོན་གལ་ཆེན་གནང་བ་རེད།
     མཇུག་མཐར། སློབ་གཙོ་གཡུང་དྲུང་བསྟན་པ་ལགས་ཀྱིས་སློབ་མ་རྣམས་ལ་ཚིག་དོན་མདོར་བསྡུས་སྒོས་སློབ་སྟོན་གལ་ཆེན་གནང་བ་ནི་ཁ་རོག་གེར་འདུག་པར་དཀའ་ལ། ཀུ་ཅོ་འུར་ལོང་བྱེད་པ་སླ། དཀའ་བ་ནི་བློ་སྦྱོང་ཡིན་ལ་སླ་བ་ནི་གོམས་གཤིས་ངན་པ་ཡིན་པའི་སློབ་སྟོན་འགངས་ཆེན་གནང་བ་དང་མཉམ་དུ་ཐེངས་འདིའི་དགའ་བ་གསུམ་དང་གྲོན་ཆུང་གསུམ་གྱི་བརྗོད་དོན་སློབ་གསོ་ཡོངས་སུ་མཇུག་སྒྲིལ་བ་རེད།


འདི་རུ་དཔྱད་བརྗོད་འཇོག་པའམ་ཡང་ན་དཔྱད་བརྗོད་ལ་གཟིགས་ཆོག
དཔྱད་འཇོག་ཤོག་ངོས་ཕབ་བཞིན་པ།
正在加载评论列表...