སྡེབ་ངོས་རྩོམ་ཡིག་ཀློག་ཐབས།
དཀར་རིལ་མནན་ཏེ་རིགས་དབྱེ་ལ་ལྟ་བ།
ཁྲི་ཀ་རྫོང་མི་རིགས་བཅའ་སྡོད་སློབ་གྲྭས་དཔེ་ཀློག་མྱོང་བཤད་ཀྱི་འགྲན་སྡུར་སྤེལ།
རྩོམ་པ་པོ། སྟག་རིག་འབྲུག་ཐར། རྩོམ་སྒྲིག་པ། Lhamo དུས་ཚོད། 2019-3-26 10:37:00 རྩོམ་ཁུངས། མཚོ་སྔོན་པོ་དྲ་བ། ཀློག་གྲངས།
     ཐོས་པས་ཆོས་རྣམས་ཤེས་པར་འགྱུར།། ཐོས་པས་སྡིག་ལས་ལྡོག་པར་འགྱུར།། ཐོས་པས་དོན་མ་ཡིན་པ་སྤོང་།། ཐོས་པས་མྱ་ངན་འདས་པ་ཐོབ།། ཅེས་པ་ལྟར་ཐོས་པ་འཚོལ་བ་ནི་གཏེར་ཁ་སྔོག་པ་དང་འདྲ་ལ། དཔེ་ཆ་ཇི་ལྟར་མང་པོ་ལྟ་ཀློག་བྱེད་ཐུབ་ན་ཤེས་རིག་གི་གཏེར་ཁ་དེ་ལས་ཕུན་སུམ་ཚོགས་པར་འགྲོ་ངེས། དཔེ་ཀློག་ལ་འཇུག་རྒྱུ་ནི་སྤྱོད་ཡོན་གཉིས་ལྡན་གྱི་མི་བུ་ཞིག་ཏུ་འགྱུར་རྒྱུའི་ལམ་ཁ་རྙེད་པ་ཡིན་ལ། དཔེ་དེབ་བྱེ་བ་བཀླགས་གྱུར་ན།། སྨྱུག་རྩེ་ལྷ་ཡིས་ཁ་ལོ་བསྒྱུར་ཞེས་པ་བཞིན་དགེ་རྒན་དང་ཁྱིམ་བདག་གཉིས་ཀས་ད་ལྟའི་སློབ་བུ་ཡོངས་ལ་དཔེ་ཀློག་གི་དགེ་མཚན་བརྗོད་དེ་དཔེ་ཆ་ལྟ་ཀློག་བྱེད་པར་སྐུལ་སློང་བྱེད་དགོས། སློབ་རའི་ཚལ་ནས་དཔེ་ཀློག་གི་གོམས་གཤིས་ལེགས་པོ་ཞིག་སྐྱེད་བསྲིང་བྱ་རྒྱུ་ནི་ད་ལྟའི་དུས་སྐབས་འདིར་ངེས་པར་བསྒྲུབ་དགོས་པའི་ལས་དོན་གལ་ཆེན་ཞིག་ཡིན། ཕྱོགས་གཅིག་ནས་སློབ་མ་ཡོངས་ལ་ད་ལོའི་དགུན་གནང་སྐབས་སུ་ལྟ་ཀློག་སྐོར་གྱི་ལས་བྱ་ཚད་འཇལ་ཞིག་བྱེད་པར་གཞི་བཅོལ་ཏེ་ཆེད་དུ་བྱ་འགུལ་འདི་བསྒྲུབས་པ་ཡིན་ལ། ཕྱོགས་གཞན་ཞིག་ནས་ངེད་སློབ་གྲྭའི་སློབ་མ་ཚོའི་དཔེ་ཀློག་གི་མོས་པ་སྐྱེད་སྲིང་དང་སློབ་མ་ཚོ་དཔེ་ཀློག་ལ་དགའ་བའི་འདུན་མ་སློང་བར་སྟེགས་བུ་བཟང་པོ་ཞིག་བསྐྲུན་ཆེད། སྤྱི་ཟླ3པའི་ཚེས25ཉིན་གྱི་དགོང་མོར། སློབ་གྲྭའི་སྐས་རིམ་ཚོམས་ཆེན་དུ་ཁྲི་ཀ་རྫོང་མི་རིགས་བཅའ་སྡོད་སློབ་གྲྭའི་དམའ་འབྲིང་གཉིས་པའི་ཚན་ཁག་གིས་སྐབས་གཉིས་པའི"དཔེ་ཀློག་མྱོང་བཤད་འགྲན་སྡུར"གྱི་བྱ་འགུལ་ཞིག་སྤེལ།
     དང་ཐོག་གསལ་དག་སྙན་གསུམ་འཛོམས་པའི་མདོ་འཛིན་པ་གཉིས་ཀས་དཔེ་ཀློག་གི་དགེ་མཚན་ལ་མཁས་པའི་ལེགས་བཤད་ཀྱིས་སྣེ་དྲངས་པ་དང་། རིམ་པ་དང་པོའི་བྱ་འགུལ་གྱི་ཡོལ་རས་དགེ་རྒན་རིན་ཆེན་ཕུན་ཚོགས་ལགས་ཀྱི་གླུ་སྐད་སྙན་མོས་ཕྱེ་རུ་བཅུག་ཅིང་། སློབ་བུ་འགྲན་ཞུགས་པ་དག་གིས་རང་གིས་གདམ་བསལ་བྱས་ནས་བལྟས་པའི་དཔེ་ཆ་དང་རྩོམ་ཡིག་དག་གོ་རིམ་ལྡན་པའི་སྒོ་ནས་ཐོག་མར་དཔེ་ཆ་ངོ་སྤྲོད་དང་། དེའི་རྗེས་སུ་ནང་དོན་མདོར་བསྡུས། དཔེ་ཆ་བཀླགས་རྗེས་ཀྱི་མྱོང་ཚོར་དང་དཔེ་ཆ་བཀླགས་རྗེས་ཀྱི་བློ་སྐྱེད། རིན་ཐང་ལྟ་བ། བསམ་གཞིག་སོགས་ལུང་རིགས་དཔེ་གསུམ་ལ་སྦྱར་ཏེ་སྨྲ་བརྗོད་དག་ཅིང་སྤོབས་པ་ལྡན་ལ། འཚབ་སྣང་མེད་པའི་ཉམས་ཀྱིས་བྱ་འགུལ་གྱི་མགོ་མཇུག་བར་གསུམ་འཁྲུག་ཆ་ཅན་དུ་བཏང་། འགྲན་ཞུགས་པ་རེ་རེའི་བགྲོ་གླེང་གི་གོ་རིམ་ཁྲོད་དུ་དགེ་སློབ་ཡོངས་ལྷོད་གཡེང་ངམ་བར་རྒྱན་གྱི་ཚུལ་ལ་བོད་ཡིག་ཁྲིད་དཔྱོད་ཁང་གི་རྒན་འཇམ་མགོན་སྐྱབས་དང་རྒན་ཚེ་མགོན་རྒྱལ། རྒན་ཀུན་བཟང་སྐྱིད་སོགས་ཀྱིས་སྙན་ངག་གྱེར་འདོན་གྱི་མཆོད་པ་འབུལ་ཏེ་བྱ་འགུལ་ལ་ཟུར་བརྒྱན་ནས་ལྟ་མཁན་ཡོངས་ལ་སྤྲོ་སྣང་སྦྱིན་ཏེ་ཚོགས་ར་ཡོངས་གསོན་ཤུགས་ཅན་དུ་བསྒྱུར།
     རེབ་འདིའི་བྱ་འགུལ་སྤྱིའི་ཆ་ནས་གོ་རིམ་ལྡན་ལ། གཏན་ཚིགས་དང་གནས་ལུགས་ཀྱིས་བཅིངས་པའི་བརྗོད་པ་བདེ་མོས་འགྲན་ཞུགས་པ་རེ་རེའི་སྨྲ་ལྕེའི་བྱང་ཚད་ཅི་དགར་ངོམ་ཐུབ་པ་བྱུང་། བྱ་འགུལ་གྱི་མཇུག་ཏུ་སློབ་སྟོན་ཀྲུའུ་རིན་གནམ་ལྷ་ཚེ་རིང་ལགས་ཀྱིས་བྱ་འགུལ་ལ་སྤྱི་སྡོམ་གྱི་ཚུལ་དུ་ཐོག་མར་བྱ་འགུལ་སྤེལ་མཁན་གྱི་དགེ་རྒན་དག་ལ་བཀའ་དྲིན་ཞུས་པ་དང་། དེར་མཐུད་བྱ་འགུལ་འདི་ལྟ་བུ་སྒྲུབ་པའི་དགེ་མཚན། རྗེས་ཕྱོགས་དཔེ་ཆ་ལེགས་པོ་དང་དཔེ་ཆ་མང་པོ་ཀློག་དགོས་པའི་སྐོར་གྱི་གསུང་བཤད་གལ་ཆེན་གནང་བའི་ཁར་མདོ་འཛིན་པས་འགྲན་ཞུགས་པ་སོ་སོའི་སྐར་གྲངས་ཁྱབ་བསྒྲགས་བྱས་ཤིང་ཨང་རིམ་ལྟར་བྱ་དགའི་ལེགས་སྐྱེས་གནང་ཞིང་མགོ་བཀྲ་ཤིས་པར་བརྩམས་ཏེ་མཇུག་བདེ་ལེགས་པར་བསྡུས་པའོ།།

འདི་རུ་དཔྱད་བརྗོད་འཇོག་པའམ་ཡང་ན་དཔྱད་བརྗོད་ལ་གཟིགས་ཆོག
དཔྱད་འཇོག་ཤོག་ངོས་ཕབ་བཞིན་པ།
正在加载评论列表...