སྡེབ་ངོས་རྩོམ་ཡིག་ཀློག་ཐབས།
དཀར་རིལ་མནན་ཏེ་རིགས་དབྱེ་ལ་ལྟ་བ།
མང་རྫོང་གིས2019ལོའི་འབྲིང་རྒྱུགས་ཀྱི་སྐུལ་སློང་ཚོགས་ཆེན་བསྡུས།
རྩོམ་པ་པོ། མི་གསལ། རྩོམ་སྒྲིག་པ། Lhamo དུས་ཚོད། 2019-3-27 11:35:00 རྩོམ་ཁུངས། མཚོ་ལྷོ་བོད་ཡིག་སྨྱན་གསར། ཀློག་གྲངས།
 
   དེ་ཡང་། རྒྱུན་གཏན་གྱི་སློབ་ཁྲིད་དོ་དམ་དང་སློབ་ཁྲིད་རྒྱུ་སྤུས་དོན་འཁྱོལ་ཡོང་བ་དང་། བདེ་བླག་ངང་སློབ་གསོ་སློབ་ཁྲིད་ཀྱི་བྱ་འགུལ་སྣ་ཚོགས་སྤེལ་བ། “དགའ་བཞི་ལྡན་གསུམ་”གྱི་བྱེད་སྒོ་རབ་དང་རིམ་པར་སྤེལ་བ། གོམ་གང་མདུན་སྤོས་སྒོས་འབྲིང་རྒྱུགས་ལ་ཁ་གཏོད་པ་དང་འབྲིང་རྒྱུགས་ལ་ཡིད་ཆེས་ལྡན་པ་བཅས་ཀྱི་ཆེད་དུ། 2019ལོའི་ཟླ3པའི་ཚེས24ཉིན་གྱི་ཕྱི་དྲོ། མང་རྫོང་མི་རིགས་སློབ་འབྲིང་གི་ཚོམས་ཆེན་དུ། ལོ་རིམ་དགུ་བའི2019ལོའི་འབྲིང་རྒྱུགས་ཀྱི་སྐུལ་སློང་ཚོགས་ཆེན་བསྡུས་པ་སྟེ། 2019ལོའི་འབྲིང་རྒྱུགས་ཀྱི་སྐུལ་སློང་ཚོགས་ཆེན་འདི་ནི། སློབ་གྲྭའི་གོང་རིམ་འགོ་ཁྲིད་ཀྱི་མཛུབ་སྟོན་འོག་ཏུ་སློབ་ཁྲིད་དོ་དམ་ཁང་གིས་བཀོད་སྒྲིག་དང་། ལོ་རིམ་སྡེ་ཁག་གིས་རྩ་འཛུགས་བྱས་ནས་འཚོགས་པ་ཡིན་ལ།  ཚོགས་ཆེན་དུ་ཁྱོན་བསྡོམས་དགེ་སློབ500ལྷག་ཞུགས་ཡོད་པ་རེད།
     རེབ་འདིའི་འབྲིང་རྒྱུགས་ཀྱི་སྐུལ་སློབ་ཚོགས་ཆེན་དུ། མང་རྫོང་མི་རིགས་སློབ་འབྲིང་གི་སློབ་གཙོ་ཚེ་རིང་དོན་གྲུབ་དང་སློབ་གཙོ་གཞོན་པ་བཀྲ་ཤིས་ཚེ་བརྟན། སློབ་སྟོན་ཀྲུའུ་རིན་བསོད་ནམས་དབང་རྒྱལ་སོགས་འགོ་ཁྲིད་རིམ་པ་ཞུགས་པར་མ་ཟད། མཚོ་ལྷོ་ཁུལ་མཐོ་འབྲིང་གསུམ་པའི་སློབ་གཙོ་གཞོན་པ་དགྲ་འདུལ་རྒྱལ་དང་མང་རྫོང་སློབ་སྡུད་གཞུང་ལས་ཁང་གི་ཀྲུའུ་རིན་ཉི་མ། ལོ་རིམ་དགུ་བའི་དགེ་རྒན་ཕུལ་བྱུང་ཅན་ཚེ་རིང་སོགས་ཀྲུའུ་ཞི་སྟེགས་བར་བཞུགས་ཤིང་གསུང་བཤད་གལ་ཆེན་གནང་།
     ཚོགས་ཆེན་ལ་ལོ་རིམ་སྡེ་ཁག་གི་མགོ་གཙོ་གཞོན་པ་རིན་ཆེན་དོན་གྲུབ་ཀྱིས་གཙོ་སྐྱོང་གནང་ཞིང་། ཁོས་ཐོག་མར་ཀྲུའུ་ཞི་སྟེགས་བུའི་སྟེང་གི་འགོ་ཁྲིད་རིམ་པ་ངོ་སྤྲོད་བྱས་པ་དང་། དེ་ནས་ལོ་ངོ་གསུམ་རིང་གི་སློབ་འབྲིང་འཚོ་བའི་ཁྲོད་བྱུང་དང་འབྱུང་མུས་ཀྱི་གནད་དོན་སྣ་ཚོགས་ཐེར་འདོན་དང་སྐྱོན་བརྗོད། བཅོས་སྒྱུར་བྱེད་པར་སྐུལ་བ་མ་ཟད། སློབ་ཕྲུག་རྣམས་ཀྱི་འཚོ་བ་དང་སློབ་སྦྱོང་ཁྲོད་ཀྱི་བྱ་སྤྱོད་བཟང་པོ་དང་ཡར་ཐོན་ལ་གདེང་འཇོག་མཐོན་པོ་གནང་། དེ་དང་ལྷན་ཅིག མ་འོངས་པའི་སློབ་སྦྱོང་དང་བསྐྱར་སྦྱོང་གི་ཁྲོད་དུ་དོ་སྣང་བྱེད་དགོས་པའི་གནད་དོན་དང་གནད་དོན་དེ་དག་སེལ་ཐབས། དགེ་སློབ་མཉམ་འབྲེལ་སྒོས་འབྲིང་རྒྱུགས་ལ་གྲ་སྒྲིག་གང་ལེགས་ཀྱིས་ཕུལ་དུ་བྱུང་བའི་གྲུབ་འབྲས་གཡུར་དུ་ཟ་བ་ཞིག་བླངས་ནས་མ་ཡུམ་སློབ་གྲྭར་དྲིན་ལན་དང་སློབ་ཕྲུག་གཞན་དག་ལ་མིག་དཔེ་སྟོན་དགོས་པར་སྐུལ་ལོ།།
     ཚོགས་ཆེན་གྱི་གོ་རིམ་གཉིས་པ་ནི། དགེ་རྒན་དང་སློབ་མའི་འཐུས་ཚབ་ཀྱི་གཏམ་བཤད་དང་ཆོད་སེམས་ཏེ། དགེ་རྒན་ཕུལ་བྱུང་ཅན་ཚེ་རིང་གིས་ལོ་རིམ་དགུ་བའི་དགེ་རྒན་ཡོངས་ཀྱིས་རང་འགན་ཁུར་ལེན་གྱི་འདུ་ཤེས་དྲགས་པོས། དཀའ་ངལ་ཁྱད་བསད་དང་འབད་བརྩོན་ཧུར་ཐག་གིས་འབྲིང་རྒྱུགས་ལ་གདོང་གཏོད་དགོས་པ་དང་། སློབ་ཕྲུག་ཚོས་སྔོན་བྱོན་དམ་པ་གོང་མ་དག་གི་སློབ་སྦྱོང་གི་བརྩོན་སེམས་ལ་ཁ་མིག་ཡར་ལྟས་འབྲིང་རྒྱུགས་ལ་ལྟ་སྟངས་ཡང་དག་དང་གྲུབ་འབྲས་ལེགས་པོ་ལེན་དགོས་པའི་རེ་བ་ནན་མོ་བཏོན་ལ། སློབ་ཕྲུག་ལྷ་མོ་ཡིས་སློབ་གྲོགས་ཚོས་རང་གི་ཕ་མ་དང་དགེ་རྒན། སློབ་གྲྭ་བཅས་ཀྱི་བཀའ་དྲིན་རྗེས་སུ་དྲན་པ་དང་རེ་བ་སྟོང་ཟད་དུ་མི་གཏོང་བར། བརྩོན་སེམས་ལྷོད་མེད་དང་ནུས་ཤུགས་ཡོད་རྒུས་མཐའ་མཇུག་གི་རྒྱལ་ཁར་བརྩོན་ལེན་བྱེད་པའི་ཡིད་ཆེས་དང་ཆོད་སེམས་བརྟན་པོར་བཞག།
     ཚོགས་ཆེན་གྱི་གོ་རིམ་གསུམ་པ་ནི། སློབ་གཙོ་ཚེ་རིང་དོན་གྲུབ་དང་སློབ་གཙོ་གཞོན་བཀྲ་ཤིས་ཚེ་བརྟན་གཉིས་ཀྱིས་སོ་སོར་སྐུལ་སློང་ཚོགས་ཆེན་འདི་འདྲ་ཞིག་བསྡུ་བའི་དམིགས་ཡུལ་ངོ་སྤྲོད་དང་། ཉེ་བའི་ལོ་ཤས་རིང་ཁུལ་ཡོངས་ཀྱི་འབྲིང་རྒྱུགས་ལས་རྫོང་ཁག་སོ་སོའི་འབྲིང་རྒྱུགས་ཀྱི་གནས་ཚུལ་དང་སློབ་རིམ་འཕར་ཚད་ཀྱི་གནས་ཚུལ་ལ་ཞིབ་ཕྲའི་སྒོ་ནས་དབྱེ་ཞིབ་བྱས་ཏེ། དགེ་སློབ་གཉིས་ཀྱིས་སློབ་སྦྱོང་གི་རྣམ་པ་དང་བྱེད་ཐབས་བསྒྱུར་ནས་འབྲིང་རྒྱུགས་ལ་གྲ་སྒྲིག་གང་ལེགས་བྱེད་དགོས་ལ། དུས་དང་རྣམ་པ་ཀུན་ཏུ་དུས་ཚོད་ལ་གཅེས་སྤྲས་དང་དུས་ཚོད་དམ་འཛིན་སྒོས། ལོ་འདིའི་འབྲིང་རྒྱུགས་ཀྱི་དམིགས་འབེན་དང་སློབ་མ་རང་ཉིད་ཀྱི་དམིགས་འབེན་གསལ་ཐག་ཆོད་པོས་སློབ་སྦྱོང་གི་འཆར་གཞི་བཟོས་ནས་འབྲིང་རྒྱུགས་བསུ་དགོས་པའི་རེ་བ་ནན་མོ་བཏོན། 
     ཚོགས་ཆེན་གྱི་གོ་རིམ་བཞི་བ་ནི། མཚོ་ལྷོ་ཁུལ་མཐོ་འབྲིང་གསུམ་པའི་སློབ་གཙོ་དགྲ་འདུལ་རྒྱལ་གྱིས་མཐོ་འབྲིང་གསུམ་པའི་དགེ་རྒན་དག་གི་ལོ་ན་གཞོན་པ་དང་ཆུ་ཚད་མཐོ་བ། ཆེད་ལས་ཅན་ཡིན་པ། སློབ་གསོའི་སྒྲིག་གཞི་འཐུས་ཚང་ཡིན་པ་བཅས་ཀྱི་སློབ་སྒྲུབ་ཁྱད་ཆོས་ངོ་སྤྲོད་མདོར་བསྡུས་བྱས་པ་དང་། དེའི་ཞོར་དུ། སློབ་གྲོགས་ཚོར་འབྲིང་རྒྱུགས་ལ་གྲ་སྒྲིག་བྱེད་པའི་གོ་རིམ་ཁྲོད་སྤོབས་པ་ཆེར་སྐྱེད་བྱེད་པ་དང་། མཐོ་འབྲིང་འདེམ་དུས་མཉམ་འཇོག་བྱེད་དགོས་ས་གང་དག་ཡོད་པ་བཅས་ཀྱི་མཛུབ་སྟོན་གལ་ཆེན་གནང་བ་རེད།
     མཇུག་མཐར། ཚོགས་ཞུགས་དགེ་སློབ་ཡོངས་ཀྱིས་འབྲིང་རྒྱུགས་ཀྱི་སྐུལ་སློང་ཆོད་སེམས་དང་དམ་བཅའ་བཞག་ཅིང་། འཕྲེད་འགེལ་སྦྱར་ཡིག་སྟེང་མིང་རྟགས་བཀོད་དེ་དྲན་རྟེན་དུ་ཉར་བ་རེད། 
     མི་སེམས་སྒུལ་ཞིང་ངར་ཤུགས་སློང་བའི་ཚོགས་ཆེན་འདིས། དེར་འཚོགས་ཀྱི་དགེ་སློབ་ཡོངས་ལ་བློ་སྤོབས་རྒྱས་ཤིང་ཁོག་དཔུང་བསྐྱེད་དེ་སྐུལ་མ་ཐེབས་པར་མ་ཟད།མི་འགྱངས་པའི་ཉིན་བརྒྱའི་རིང་གི་སློབ་སྦྱོང་དང་ཉིན་བརྒྱའི་རྗེས་ཀྱི་འབྲིང་རྒྱུགས་ལ་རེ་བ་དང་ཡིད་ཆེས་བརྟན་པོ་སྐྱེས་ལ། དུས་ད་ནས་བཟུང་། མི་རང་ཉིད་ནས་མགོ་བརྩམ་སྟེ། ལག་ལེན་དངོས་ཀྱི་ཁྲོད་ནས་ཆོད་སེམས་དང་དམ་བཅའ་འདི་མངོན་འགྱུར་བྱེད་རྒྱུའི་སྤོབས་པ་མངོན་པར་མཐོའོ།།
 

འདི་རུ་དཔྱད་བརྗོད་འཇོག་པའམ་ཡང་ན་དཔྱད་བརྗོད་ལ་གཟིགས་ཆོག
དཔྱད་འཇོག་ཤོག་ངོས་ཕབ་བཞིན་པ།
正在加载评论列表...