སྡེབ་ངོས་རྩོམ་ཡིག་ཀློག་ཐབས།
དཀར་རིལ་མནན་ཏེ་རིགས་དབྱེ་ལ་ལྟ་བ།
མཚོ་ལྷོ་ཁུལ་མི་རིགས་མཐོ་འབྲིང་གཉིས་པས་ཆོས་རྩིག་རྟགས་མའི་དཔེ་ཀློག་མྱོང་ཚོར་བགྲོ་གླེང་བྱ་འགུལ་སྤེལ།
རྩོམ་པ་པོ། རྡོ་རྗེ་འཇིགས་བྱེད། རྩོམ་སྒྲིག་པ། Lhamo དུས་ཚོད། 2019-4-25 9:05:00 རྩོམ་ཁུངས། མཚོ་སྔོན་པོ་དྲ་བ། ཀློག་གྲངས།
      སྤྱི་ཟླ4བའི་ཚེས23ཉིན་སྟེ། འཛམ་གླིང་དཔེ་ཀློག་ཉིན་མོར་མཚོ་ལྷོ་ཁུལ་མི་རིགས་མཐོ་རིམ་སློབ་འབྲིང་གཉིས་པས་སློབ་རའི་ཤེས་རིག་གི་ཞིང་ཁམས་སུ་རིག་པའི་སྣ་བརྒྱའི་མེ་ཏོག་གདབ་ཅིང་རྣམ་དཔྱོད་ཀྱི་མཐོ་རིས་འོད་ལྔ་སྤྲོས་ཏེ་སློབ་གྲོགས་ཚོའི་དཔེ་ཀློག་གི་གོམས་གཤིས་བསྐྱེད་བསྲིང་དང་བསམ་གཞིག་གི་ནུས་པ་བླ་རུ་བཏེགས་ནས། ལྟ་བའི་རྒྱ་བསྐྱེད་ཅིང་བློ་གྲོས་ཀྱི་འཇུག་པ་ཡངས་པ། རིག་པའི་བོགས་འདོན་ཞིང་ལེགས་ཉེས་ཀྱི་དབྱེ་བ་འབྱེད་པའི་ཤེས་རབ་གསོ་བའི་སླད་དུ་མཚོ་ལྷོ་ཁུལ་མི་རིགས་མཐོ་འབྲིང་གཉིས་པས་སྐབས་བཞི་བའི་ཆོས་རྩིག་རྟགས་མའི་དཔེ་ཀློག་མྱོང་ཚོར་བགྲོ་གླེང་འགྲན་བསྡུར་གྱི་བྱ་འགུལ་སློབ་གྲྭའི་དཔེ་མཛོད་ཐོག་ཁང་མདུན་དུ་གཟབ་རྒྱས་ཀྱིས་སྤེལ།
      ཐེངས་འདིའི་དཔེ་ཀློག་བྱ་འགུལ་ལ་སློབ་གྲྭའི་འགོ་ཁྲིད་རིམ་པས་དངོས་ཤུགས་གང་རུང་ནས་རྒྱབ་སྐྱོར་མི་དམན་པ་གནང་ཞིང་། དགེ་རྒན་ལྕགས་རྒྱལ་འབུམ་གྱི་བཀོད་སྒྲིག་དང་རྩ་འཛུགས་ལ་བརྟེན་ནས་མཐོ་གཅིག་ལོ་རིམ་ཁག་དང་མཐོ་གཉིས་ལོ་རིམ་ཁག་གི་སློབ་གྲོགས་ཐམས་ཅད་ཟུར་ཞུགས་བྱས་ཤིང་། འགྲན་བསྡུར་ལ་བོད་སྐད་ཡིག་གཙོས་པའི་རྒྱའི་སྐད་ཡིག་དང་དབྱིན་སྐད་དེ་སྐད་རིགས་གསུམ་གྱི་འགྲན་ཞུགས་སློབ་གྲོགས་བཅུ་གསུམ་གྲ་སྒྲིག་རིམ་པའི་ཁྲོད་བདམས་ཐོན་བྱུང་སྟེ་དངོས་སུ་ཞུགས་ཤིང་། བཤད་བྱའི་དཔེ་དེབ་ལ། 《ཧོར་གླིང་གཡུལ་འགྱེད》《དཔལ་དོན་གྲུབ་རྒྱལ་གྱི་གསུང་རྩོམ་ཕྱོགས་བསྒྲིགས》《མངོན་བརྗོད་རྒྱ་མཚོའི་ཆུ་ཐིགས་ཀྱི་མཆན་འགྲེལ》《རྒྱལ་རབས་གསལ་བའི་མེ་ལོང》《དགེ་འདུན་ཆོས་འཕེལ་སྐོར་གྱི་བཅར་འདྲི》《སིངྒའི་དེབ་ཐེར་དུ་འཁོད་པའི་རླབས་ཆེན་གྱི་བོད་མི》《བོད་ཀྱི་ལོ་རྒྱུས་ཀུན་དགའི་མེ་ལོང》《དམག་འཁྲུག་དང་ཞི་བདེ》《ཐོན་མིའི་ཞལ་ལུང》《བོད་ཀྱི་ལོ་རྒྱུས་པདྨ་རཱ་གའི་ལྡེ་མིག》སོགས་ཡོད་ཅིང་། འགྲན་ཞུགས་སློབ་གྲོགས་རེ་རེས་རང་ཉིད་ཀྱིས་བལྟས་ཟིན་པའི་དཔེ་དེབ་གང་དེའི་ནང་དོན་དང་དེས་བསྐྱེད་པའི་མྱོང་ཚོར་སོགས་བྱང་ཆ་ལྡན་ཞིང་སྨྲ་ལྕེ་དག་པ། སྤོབས་པ་འཛོམས་པ། བློ་བསྐྱེད་ལྡན་པའི་ངང་ནས་བརྗོད་ཅིང་། དེར་སློབ་གྲོགས་ཚོའི་ཁྲོད་དུ་དྲི་བ་དྲིས་ལན་གྱི་ཚུལ་དུ་མྱོང་ཚོར་བརྗེས་རེས་དང་། སློབ་གྲོགས་རེ་རེར་དགེ་རྒན་རེ་རེས་དཔྱད་བརྗོད་དང་བསམ་ཚུལ་གྲོས་སུ་གླེང་།  
       བྱ་འགུལ་གྱི་བརྒྱུད་རིམ་དུ། སློབ་གྲོགས་སོ་སོས་རང་ཉིད་ཀྱི་བློ་གྲོས་ཀྱི་རྩལ་ལས་དཔེ་ཀློག་མྱོང་ཚོར་གླེང་བར་གསོན་ཤུགས་ལྡན་ཞིང་བློ་སྤོབས་ཀྱིས་ཕྱུག་ཅིང་། ཉན་མཁན་གྱི་སློབ་གྲོགས་རྣམས་ཀྱིས་ཀྱང་བློ་རྩེ་གཅིག་ཏུ་བསྒྲིམས་ཤིང་དབང་བོ་ནང་དུ་བཀུགས་ཏེ་འགྲན་ཞུགས་སློབ་གྲོགས་ཚོའི་བགྲོ་གླེང་ལ་རྣ་བ་བླགས་ཤིང་བསམ་གཞིག་དང་བསྡོངས་ནས་ཉན་པའི་ཚུལ་གྱིས་མི་རིགས་སློབ་གྲྭའི་སློབ་གསོའི་མཁའ་དབུགས་དང་ལྷག་དོན་སློབ་གྲོགས་ཚོས་དཔེ་ཀློག་གྲོགས་སུ་སྦྲན་ནས་རང་ཉིད་ཀྱི་ཕུགས་བསམ་དང་རྨི་ལམ་འཚོལ་བའི་ལམ་ཁར་བྱིང་རྒོད་ཀྱི་ལས་དང་རིང་དུ་གྱེས་ཏེ་མདུན་བསྐྱོད་ཀྱི་གོམ་པར་ལྷོད་གཡེང་མེད་པར། ཡིད་ཆེས་དང་བརྩོན་སེམས་ཀྱིས་ཁེངས་པའི་ཉམས་སྤྲོ་བའི་སྣང་ཚུལ་མིག་ལམ་དུ་མངོན་པར་བྱས་འོངས། ཆུ་ཚོད་གསུམ་ལྷག་གི་འགྲན་ཞུགས་བརྒྱུད་སློབ་གྲོགས་བསོད་ནམས་ཚེ་བརྟན་སོགས་ལ་རིམ་བཞིན་ཨང་དང་པོ་དང་གཉིས་པ་སོགས་ཀྱི་བྱ་དགའ་རིམ་པ་བཞིན་ཐོབ། མཐར་སློབ་གཙོ་གཞོན་པ་སྟོབས་ལྡན་ལགས་ཀྱིས་ཐེངས་འདིའི་དཔེ་ཀློག་བྱ་འགུལ་སྤེལ་བའི་གནས་ཚུལ་སྤྱི་སྡོམ་དང་། ལར་དཔེ་ཀློག་གི་དགོས་པ་ཉིང་དགོས་སོགས་སློབ་གྲོགས་རྣམས་ལ་གདམས་པ་གསེར་གྱི་མན་ངག་གནང་ནས་བྱ་འགུལ་ཡོངས་སུ་རྫོགས་པར་བྱས། 
      ཐེངས་འདིའི་དཔེ་ཀློག་བྱ་འགུལ་འདི་ནི་མཚོ་ལྷོ་ཁུལ་མི་རིགས་མཐོ་རིམ་སློབ་འབྲིང་གཉིས་པའི་སློབ་གྲྭའི་སྤྱི་ཁྱབ་རང་བཞིན་གྱི་བྱ་འགུལ་ཆེ་བའི་གྲས་ཤིག་ཡིན་ཞིང་། བྱ་འགུལ་འདི་སྤེལ་བ་བརྒྱུད་ནས་སློབ་གྲྭའི་གཡའ་དག་པའི་མཁའ་དབྱིངས་སུ་ཤེས་རིག་གི་འོད་ཟེར་རབ་ཏུ་འཕྲོས་ཤིང་རྨོངས་པའི་མུན་པ་སྐད་ཅིག་དེ་ཉིད་དུ་སེལ་བར་བྱས་ཏེ། སློབ་གྲོགས་རྣམས་ཀྱིས་དཔེ་ཀློག་གི་གལ་ཆེན་རང་བཞིན་ལ་ངེས་ཤེས་ཟབ་མོ་འདྲོངས་པར་བྱས་པར་མ་ཟད། ཅིའི་ཕྱིར་དཔེ་ཀློག་བྱ་དགོས་པ་དང་ཇི་ལྟར་བྱ་དགོས་པའི་ཐད་ལ་སྔོན་མེད་ཀྱི་ཤེས་རྟོགས་གསར་བ་རྙེད་ཅིང་། སླད་མར་དཔེ་ཀློག་གི་ཐད་ལ་སྤྲོ་བས་འཇུག་ཅིང་བསླབ་ཚན་ཡོངས་ལ་འབད་འབུངས་གང་ལེགས་བྱས་ཏེ། རིག་པ་གསལ་ཞིང་དྭངས་པའི་སྒོ་ནས་རང་ཉིད་ཀྱི་མདུན་ལམ་འཚོལ་བའི་ལམ་དུ་ཞུགས་པར་རེ་བ་དང་འོད་སྣང་གིས་བརྒྱན་པར་བྱས་སོ།།

འདི་རུ་དཔྱད་བརྗོད་འཇོག་པའམ་ཡང་ན་དཔྱད་བརྗོད་ལ་གཟིགས་ཆོག
དཔྱད་འཇོག་ཤོག་ངོས་ཕབ་བཞིན་པ།
正在加载评论列表...