སྡེབ་ངོས་རྩོམ་ཡིག་ཀློག་ཐབས།
དཀར་རིལ་མནན་ཏེ་རིགས་དབྱེ་ལ་ལྟ་བ།
རྩོམ་པ་པོ་ཁྱུང་བཟང་ལགས་ཀྱི་བརྩམས་ཆོས་ཕྱོགས་བསྒྲིགས(པོད་བརྒྱད)འགྲེམ་སྤེལ་བྱས།
རྩོམ་པ་པོ། འབུམ་པ་རྒྱལ། རྩོམ་སྒྲིག་པ། Lhamo དུས་ཚོད། 2019-4-28 9:02:00 རྩོམ་ཁུངས། ཀྲུང་གོའི་བོད་ཀྱི་དྲ་བ། ཀློག་གྲངས།
     སྤྱི་ཟླ4བའི་ཚེས26ཉིན།  རྨ་ལྷོ་ཁུལ་རྩོམ་པ་པོ་མཐུན་ཚོགས་ཀྱིས་གཙོ་སྒྲུབ་དང་འཇའ་མོ་དཔེ་མཛོད་ཁང་དང་རེབ་གོང་མེ་ལོང་དཔེ་ཁང་གཉིས་ཀྱིས་རོགས་སྒྲུབ་བྱས་པའི་རྩོམ་པ་པོ་གྲགས་ཅན་ཁྱུང་བོ་ཀུན་བཟང་ཚེ་རིང་ངམ་ཁྱུང་བཟང་ལགས་ཀྱི་བརྩམས་ཆོས་ཕྱོགས་བསྒྲིགས(པོད་བརྒྱད)ཀྱི་འགྲེམ་སྤེལ་ཚོགས་འདུ་རེབ་གོང་རིག་པ་འབྱུང་བའི་གྲོང་ཁྱེར་གྱི་ལྟེ་བར་ཡོད་པའི་འཇའ་མོའི་དཔེ་མཛོད་ཁང་དུ་བསྡུས།
     རྨ་ལྷོ་ཁུལ་རྩོམ་པ་པོ་མཐུན་ཚོགས་ཀྱི་ཚོགས་གཙོ་རེ་རྐང་གླིང་གིས་འགྲེམ་སྤེལ་ཚོགས་འདུ་ལ་མདོ་འཛིན་བྱས་པ་དང་མཉམ་དུ་གཏམ་བཤད་གནང་ཞིང་། རྩོམ་པ་པོ་ཁྱུང་བཟང་གིས་རང་གི་གསར་རྩོམ་གྱི་བརྒྱུད་རིམ་ཞིབ་ཏུ་གླེང་།  ཚོགས་འདུའི་ལས་རིམ་ཁྲོད་འཇའ་མོའི་དཔེ་མཛོད་ཁང་གི་འགན་འཛིན་མཁའ་འབུམ་རྒྱལ་ལགས་ཀྱིས་དཔེ་མཛོད་ཁང་གི་སྐོར་ངོ་སྤྲོད་བྱས། རེབ་གོང་མེ་ལོང་དཔེ་ཁང་གི་དཔེ་བདག་རླངས་ཚང་བསོད་ནམས་རྡོ་རྗེས་འགྲེམ་སྤེལ་སྐོར་ངོ་སྤྲོད་སོགས་བྱས་རྗེས་དགེ་གྲོགས་སངས་རྒྱས་རྒྱ་མཚོ་ཡིས་དགེ་གྲོགས་ཚོའི་ཚབ་བྱས་ནས་གཏམ་བཤད་པ་དང་། ཁྱུང་བཟང་ལགས་ཀྱི་བུ་མོ་ལྕགས་མོ་རྒྱལ་གྱིས《རྒྱང་རིང་གི་སྲིང་ཆུང་མ》ཞེས་པ་གྱེར་འདོན་བྱས་པར་ཚོགས་ཞུགས་པ་ཡོངས་ཀྱི་ཡིད་སེམས་སྐྱོམས་པར་བྱས། 

རྩོམ་པ་པོ་ཁྱུང་བཟང་གིས་རང་གི་གསར་རྩོམ་གྱི་བརྒྱུད་རིམ་གླེང་བཞིན་པ།
     མཇུག་མཐར་རང་མོས་བགྲོ་གླེང་ནང་རྩོམ་པ་པོ་རོང་བོ་དགེ་འདུན་ལྷུན་གྲུབ་དང་གཅན་རང་སད།  ནག་ཀྱཱ་བ་ཤ་བོ་ཚེ་རིང་སོགས་ཀྱིས་བརྗེ་རེས་གཏམ་བཤད་སྤེལ། ཚོགས་ཐོག་ཏུ་རྨ་ལྷོ་ས་ཁུལ་གྱི་རྩོམ་པ་པོ་ཡོངས་དང་། རེབ་འདིའི་འགྲེམས་སྤེལ་ཚོགས་འདུ་ལ་རྩོམ་པ་པོ་ཁྱུང་ཐར་རྒྱལ་དང་གཅན་རང་སྐྱེས། གུ་རུ་དོན་གྲུབ། བྱང་སྒྲ་སྙན། མོག་ཟླ། ས་དཀྱིལ་ཚེ་བཀྲ་སོགས་རྩོམ་པ་པོ་དང་རྩོམ་པ་པོ་ཁྱུང་བཟང་གི་ལས་གྲོགས་དང་ནང་མི་བཅས་མི་ལྔ་བཅུ་ལྷག་ཞུགས་ཡོད།
རྩོམ་པ་པོའི་ལོ་རྒྱུས་མདོར་བསྡུས།
     ཁྱུང་བཟང་། དངོས་མིང་ལ་ཀུན་བཟང་ཚེ་རིང་ཟེར། 1974ལོའི་ཟླ3པར་ཡུལ་རེབ་གོང་གི་ནང་ཚན་སྨད་པ་ཁྱུང་བོ་རུ་སྐྱེས། 1995ལོའི་ཟླ7པར་རྨ་ལྷོ་དགེ་ཐོན་སློབ་གྲྭ་ནས་སློབ་མཐར་ཕྱིན་ཏེ་ཕ་ཡུལ་ཁྱུང་བོ་སོགས་སུ་དགེ་རྒན་བྱས། 2001ལོར་མཚོ་སྔོན་དགེ་ཐོན་སློབ་ཆེན་ནས་སློབ་མཐར་ཕྱིན། ད་ལྟ་རོང་བོ་བཅའ་སྡོད་སློབ་གྲྭ་གཉིས་པ་རུ་དགེ་རྒན་གྱི་བྱ་བ་སྒྲུབ་ཀྱིན་ཡོད། རྨ་ལྷོ་ཁུལ་རྩོམ་པ་པོ་མཐུན་ཚོགས་ཀྱི་ཚོགས་མི་ཡིན། 
     ཆུང་དུས་ནས་བཟུང་རྩོམ་ཡིག་འབྲི་སྦྱོང་གི་ལས་ལ་ཞུགས་ཏེ་ཞིང་ཆེན་ཕྱི་ནང་གི་གཞུང་སྒེར་ཚགས་དྲ་དེབ་གསུམ་དུ་ལྷུག་རྩོམ་དང་སྙན་ངག འབོལ་རྩོམ་སོགས་ཀྱིས་གཙོས་པའི་བརྩམས་ཆོས་མང་དུ་བཀོད་པར་མ་ཟད། སྦྲང་ཆར་སྨྱུག་གསར་བྱ་དགའ་དང་སྐབས་གཉིས་པའི་སྦྲང་ཆར་རྩོམ་རིག་བྱ་དགས་མཚོན་པའི་ཞིང་ཆེན་རིམ་པའི་བྱ་དགའ་ཡང་ཐེངས་ཁ་ཤས་ཐོབ་མྱོང་། སློབ་གསོའི་ཐད་ནས་ཀྱང2006ལོ་དང2014ལོ། 2017ལོར་རེབ་གོང་རྫོང་གི་ཕུལ་བྱུང་དགེ་རྒན་དང་། 2008ལོར་རྨ་ལྷོ་ཁུལ“SOHO ཀྲུང་གོ”ཕུལ་བྱུང་དགེ་རྒན་གྱི་མཚན་སྙན་ཐོབ་པར་མ་ཟད། དཔྱད་རྩོམ་འགའ་ཞིག་ལ་ཞིང་ཆེན་དང་ཁུལ་རིམ་པའི་བྱ་དགའ་ཨང་དང་པོ་ཐོབ་མྱོང་། 
     2000ལོར་རྒྱལ་ཁབ་སློབ་གསོ་པུའུ་ཡི་བཀོད་སྒྲིག་ཆོག་མཆན་འོག་བསྒྲིགས་པའི་ཕ་ཡུལ་སློབ་དེབ《རེབ་གོང་སྒྱུ་རྩལ་ཞེས་བྱ་བའི་ཕ་ཕོག་རིན་ཆེན་བང་མཛོད》ཅེས་པ་ལས། ལེའུ་བཞི་བ་ཡུལ་རེབ་གོང་གི་ཟློས་གར་དང་།  ལེའུ་ལྔ་བ་ཡུལ་རེབ་གོང་གི་རོལ་དབྱངས། ལེའུ་དྲུག་པ་ཡུལ་རེབ་གོང་གི་ཞབས་བྲོ་བཅས་ལེའུ་གསུམ་སྟེ་ས་བཅད་བཅུ་གསུམ་གྱི་གཞུང་དོན་ཡན་ལག་དང་བཅས་པ་རྩོམ་སྒྲིག་བྱས་པ་དང་།  2005ལོར་ཨ་རི་འཚོ་བྱེད་ཐེབས་རྩ་ཚོགས་པའི་སློབ་གསོའི་ལས་གཞིའི་རྣམ་གྲངས《རེབ་གོང་ལོ་ཆུང་སློབ་མའི་ཀློག་དེབ》རྩོམ་སྒྲིག་གི་བྱ་བའི་ཁྲོད། བོད་ཁམས་སྤྱིའི་སྐོར་ལས་ལེའུ་ལྔ་བ་དམངས་ཁྲོད་རྩོམ་རིག་དང་། བྱེ་བྲག་རེབ་གོང་གི་སྐོར་ལས་དམངས་ཁྲོད་རིག་རྩལ་གྱི་སྐོར་རྩོམ་འབྲི་བྱས། དེ་རྗེས2008ལོར་རེབ་གོང་རྫོང་སློབ་གསོ་ཅུའུ་ཡི་གཅིག་གྱུར་བཀོད་སྒྲིག་འོག་བསྒྲིགས་པའི་སློབ་མའི་ཀློག་དེབ《རེབ་གོང་ལོ་ཆུང་སློབ་མའི་གཅེས་ནོར》ཞེས་པ་ལས་སྡེ་ཚན་དང་པོ་སྒྱུ་རྩལ་གྱི་སྐོར་ཏེ། དང་པོ་ངག་ཐོག་རྩོམ་རིག་སྒྱུ་རྩལ་དང་། གཉིས་པ་མཛེས་རིས་སྒྱུ་རྩལ། གསུམ་པ་ཨར་ལས་སྒྱུ་རྩལ། བཞི་བ་འཐག་ལས་སྒྱུ་རྩལ།  ལྔ་བ་གྱོན་ཆས་སྒྱུ་རྩལ།  དྲུག་པ་གཡོས་སྦྱོར་སྒྱུ་རྩལ་བཅས་ཀྱི་ནང་དོན་རྩོམ་སྒྲིག་བགྱིས་པར་མ་ཟད། ད་ལྟ་ཡང་དཔེ་ཁྲིད་མི་སྐྱོང་གི་བྱ་བའི་ཞོར་དུ་རྩོམ་རིག་གསར་རྩོམ་གྱི་རྒྱུན་མུ་མཐུད་དུ་སྐྱོང་བཞིན་ཡོད་དོ།།

འདི་རུ་དཔྱད་བརྗོད་འཇོག་པའམ་ཡང་ན་དཔྱད་བརྗོད་ལ་གཟིགས་ཆོག
དཔྱད་འཇོག་ཤོག་ངོས་ཕབ་བཞིན་པ།
正在加载评论列表...