སྡེབ་ངོས་རྩོམ་ཡིག་ཀློག་ཐབས།
དཀར་རིལ་མནན་ཏེ་རིགས་དབྱེ་ལ་ལྟ་བ།
གསེར་ཆེན་རྫོང་མི་རིགས་སློབ་འབྲིང་གིས་རྒྱལ་ཡོངས་བོད་ཀྱི་ཡིག་གཟུགས་དུས་ཆེན་བསུ་བའི་བྱ་འགུལ་སྤེལ་བ།
རྩོམ་པ་པོ། མི་གསལ། རྩོམ་སྒྲིག་པ། Lhamo དུས་ཚོད། 2019-4-30 9:20:00 རྩོམ་ཁུངས། མཚོ་སྔོན་པོ་དྲ་བ། ཀློག་གྲངས།
     བོད་ཀྱི་ཡིག་གཟུགས་སྒྱུ་རྩལ་ནི་མི་རིགས་རང་གི་ཐུན་མོང་མ་ཡིན་པའི་ཁྱད་ཆོས་འབུར་དུ་ཐོན་པའི་རིག་གནས་རིན་ཐང་བྲལ་བ་ཞིག་ཡིན་པ་མ་ཟད། སློབ་མའི་འབྲི་སྦྱོང་གི་ནུས་རྩལ་མཐོར་འདེགས་དང་སེམས་ཁམས་སྙོམས་སྒྲིག  བྱ་དངོས་གང་ལ་ཡང་ཕྲ་ཞིང་ཞིབ་པའི་སྒོ་ནས་ལྟ་ཞིབ་དང་དཔྱད་བསྡུར་གྱི་ཀུན་སློང་སྔོག་འདོན་བྱེད་པ་སོགས་ཀྱི་དགེ་མཚན་དུ་མ་དང་ལྡན་པའི་ཤེས་བྱ་ཁྱད་པར་ཅན་ཞིག་ཡིན་སྲིད་པས། ང་ཚོས་དུས་རྒྱུན་གྱི་སློབ་ཁྲིད་ཀྱི་འཚོ་བའི་ཁྲོད་དུ་དགེ་རྒན་གྱི་ཕྱག་བྲིས་ཡག་པོ་ཞིག་དང་ཚད་ལྡན་ཅན་དུ་གཏོང་དགོས་ལ། སློབ་མའི་སུག་བྲིས་ཀྱི་ཡིག་གཟུགས་ཀྱང་ཁྱད་པར་ཅན་དུ་འགྱུར་བར་ནུས་པ་གང་ཡོད་འདོན་དགོས་པ་ནི་སྨོས་མ་དགོས་སོ།། 
     སློབ་མའི་ཡིག་གཟུགས་ལེགས་པོ་ཞིག་འཁྱོངས་ཐུབ་མིན་ནི་དགེ་རྒན་གྱི་ཕྱག་བྲིས་དང་སློབ་སྟོན་ལ་ཐད་ཀར་དུ་འབྲེལ་བ་དམ་པོ་ཞིག་ཡོད་པའི་ཆ་ནས་ང་ཚོས་སློབ་མའི་རྒྱུད་ལ་ཡོན་ཏན་སྣ་གཅིག་འཇོག་པའི་ཐད་ལ་ཡང་རང་ནུས་གང་ཡོད་འདོན་དགོས་པ་རིགས།
     སློབ་གྲྭའི་དགེ་རྒན། མཚོ་སྔོན་ཞིང་ཆེན་བོད་ཡིག་ཡིག་གཟུགས་རྒྱུན་འཛིན་དར་སྤེལ་ཞིབ་འཇུག་ཚོགས་པའི་ཚོགས་མི་སློབ་དཔོན་ཆེན་མོ་བློ་བཟང་སྙན་གྲགས་དང་། དགེ་རྒན་རྡོ་རྗེ་ཚེ་བརྟན། བོད་ཡིག་ཡིག་གཟུགས་དགེ་རྒན་བླ་མ་ཚེ་རིང་། དགེ་རྒན་ཚེ་མགོན་རྒྱལ་བཅས་ཀྱིས་གཙོ་སྒྲུབ་མཛད་པའི་རྒྱལ་ཡོངས་བོད་ཀྱི་ཡིག་གཟུགས་དུས་ཆེན་བསུ་བའི་བྱ་འགུལ་དང་སྐབས་བཞི་བའི་ཡིག་གཟུགས་འགྲན་བསྡུར་དེ་སྤྱི་ཟླ4བའི་ཚེས24ཉིན་གྱི་དྲོས་ཇའི་སྐབས་སུ་སློབ་གྲྭའི་འཆད་ཁྲིད་མུན་སེལ་གླིང་དུ་སྤེལ་མགོ་ཚུགས་ཤིང་། ཐེངས་འདིའི་འགྲན་བསྡུར་ལ་ཁྱོན་བསྡོམས་ཡིག་གཟུགས་འབྲི་སྦྱོང་ལ་དགའ་མོས་ཡོད་པའི་སློབ་མ84ཞུགས་ཏེ་རྒྱལ་ཡོངས་བོད་ཀྱི་ཡིག་གཟུགས་དུས་ཆེན་བསུ་བར་རང་རང་གི་ཁྱད་དུ་འཕགས་པའི་འབྲི་རྩལ་གྱི་ཡོན་ཏན་ངོམ་པར་བྱས་པ་རེད། 2019ལོའི་ཟླ4བའི་ཚེས28ཉིན་གྱི་ཕྱི་དྲོ། གསེར་ཆེན་རྫོང་མི་རིགས་སློབ་འབྲིང་གི་སྟངས་ཀའི་ཚོམས་ཆེན་དུ་རྒྱལ་ཡོངས་བོད་ཀྱི་ཡིག་གཟུགས་དུས་ཆེན་བསུ་བའི་བྱ་འགུལ་དང་སྐབས་བཞི་བའི་ཡིག་གཟུགས་འགྲན་བསྡུར་གྱི་གཟེངས་བསྟོད་མཛད་སྒོ་སྤེལ།  ཐེངས་འདིའི་བྱ་འགུལ་རིམ་པ་བཞི་ཡིས་གྲུབ་པ་རེད།
     རིམ་པ་དང་པོ། སློབ་གྲྭའི་བོད་ཡིག་ཡིག་གཟུགས་འབྲི་སྦྱོང་ལ་མོས་པ་ཡོད་པའི་དགེ་རྒན་དང་སློབ་མ་དག་གི་ཐུན་མོང་མ་ཡིན་པའི་ཡིག་གཟུགས་བརྩམས་ཆོས་དག་སློབ་གྲྭའི་ལུས་རྩལ་ཁང་དུ་འགྲེམས་སྟོན་བྱས་ཏེ་རང་རང་གི་ཡིག་གཟུགས་འབྲི་སྦྱོང་གི་འབྲས་བུ་དགེ་སློབ་ལྷན་རྒྱས་ཀྱི་སྤྱན་སྔར་བཤམས་པ་རེད།
     རིམ་པ་གཉིས་པ། སྐབས་བཞི་བའི་ཡིག་གཟུགས་འགྲན་བསྡུར་ཁྲོད་འབྲི་རྩལ་གྱི་ཡོན་ཏན་འབུར་དུ་ཐོན་པའི་སློབ་གྲོགས10དང་གངས་རྒྱན་ན་ཆུང་ཚགས་པར་སྟེང་ཡིག་གཟུགས་བཀོད་པའི་སློབ་གྲོགས6ལ་ཡུལ་དངོས་ནས་གཟེངས་རྟགས་བསྩལ་བ་རེད། དམའ་གཅིག་རིམ་པའི་ཡིག་གཟུགས་འགྲན་བསྡུར་ཁྲོད་བྱ་དགའ་ཨང་དང་པོ་ཐོབ་མཁན་ནི་འཛིན་གྲྭ་གསུམ་པའི་གདུགས་དཀར་སྐྱིད་དང་འཛིན་གྲྭ་བཞི་བའི་རྡོ་རྗེ་བསམ་འགྲུབ་གཉིས་ཡིན། བྱ་དགའ་ཨང་གཉིས་པ་ཐོབ་མཁན་ནི་འཛིན་གྲྭ་བརྒྱད་པའི་རྣམ་རྒྱལ་ཚེ་རིང་། འཛིན་གྲྭ་བཅུ་བཞིའི་ལྷ་མོ་སྐྱབས། འཛིན་གྲྭ་བཅུ་བའི་སྙིང་ཕྱུག་རྒྱལ་བཅས་ཡིན། བྱ་དགའ་ཨང་གསུམ་པ་ཐོབ་མཁན་ནི་འཛིན་གྲྭ་བཅུ་གཉིས་ཀྱི་རྡོ་རྗེ་སྒྲོལ་མ།འཛིན་གྲྭ་བཅུ་གཅིག་གི་བསོད་ནམས་སྒྲོལ་མ། འཛིན་གྲྭ་བཅུ་བའི་བདེ་སྐྱིད་སྒྲོལ་མ། འཛིན་གྲྭ་བཅུ་གཉིས་ཀྱི་མཁའ་དབྱིངས་སྒྲོལ་མ། འཛིན་གྲྭ་དྲུག་པའི་གཅོད་པ་སྐྱིད་བཅས་ཡིན།
     གངས་རྒྱན་ན་ཆུང་ཚགས་པར་དུ་ཡིག་གཟུགས་བཀོད་པའི་སློབ་མ་དྲུག་ནི་དམའ་གསུམ་དགུ་བའི་བསྟན་འཛིན་གཡང་སྒྲོན། དམའ་གཉིས་དང་པོའི་དཀོན་མཆོག་བཀྲ་ཤིས། དམའ་གསུམ་དགུ་བའི་ཟླ་བ་སྒྲོན་དཀར། དམའ་གཉིས་བཅུ་བཞིའི་རྡོ་རྗེ་དབང་མོ། དམའ་གཉིས་བཅུ་བཞིའི་ལྷ་རིས་སྐྱིད། དམའ་གཉིས་བཅུ་བའི་ཀུན་དཔལ་རྡོ་རྗེ་བཅས་ཡིན།
     རིམ་པ་གསུམ་པ། དགེ་བའི་བཤེས་གཉེན་ཆེན་མོ་བློ་བཟང་སྙན་གྲགས་ཀྱིས་ཐེངས་འདིའི་རྒྱལ་ཡོངས་བོད་ཀྱི་ཡིག་གཟུགས་བསུ་བའི་བྱ་འགུལ་ལ་སློབ་སྟོན་གནང་བ།
     ཁོང་གིས་ཡིག་གཟུགས་ཀྱི་གལ་ཆེན་རང་བཞིན་དང་ཡིག་གཟུགས་ཀྱིས་སློབ་མའི་སེམས་ཁམས་དང་སློབ་སྦྱོང་གི་ཐད་ལ་ཐོན་པའི་དགེ་མཚན། ཡིག་གཟུགས་ལེགས་པོ་ཞིག་འབྲི་བར་ཆ་རྐྱེན་གང་དག་ལྡན་དགོས་པ་དང་འབད་པ་ཇི་ལྟར་བྱེད་དགོས་ཚུལ། ཡིག་གཟུགས་ལེགས་པོ་ཞིག་འབྲི་དགོས་པའི་རྒྱུ་མཚན་སོགས་མདོར་ན་བོད་ཀྱི་ཡིག་གཟུགས་དང་འབྲེལ་བའི་རྒྱལ་ཁབ་ཀྱི་གཟུགས་འདས་རིག་གནས་ཉམས་པ་སོར་ཆུད་དང་མ་ཉམས་གོང་འཕེལ་དུ་གཏོང་དགོས་པ་སོགས་ལུང་དང་རིགས་པའི་སྒྲུབ་བྱེད་ཡང་དག་ལ་བརྟེན་ནས་དགེ་སློབ་ཟུང་གིས་ཡིག་གཟུགས་ལེགས་པོ་ཞིག་འབྲི་བར་སྔ་ན་མེད་པའི་འབད་པ་རྒྱུན་འཁྱོངས་བྱེད་དགོས་ཚུལ་གྱི་སློབ་སྟོན་འགངས་ཆེན་གནང་བ་རེད།
     རིམ་པ་བཞི་བ། དམའ་གཅིག་རིམ་པའི་བོད་ཡིག་ཁྲིད་དཔྱོད་ཁང་གི་མགོ་ཁྲིད་དགེ་རྒན་དཔལ་ཆེན་རིག་འཛིན་ལགས་ཀྱིས་ཐེངས་འདིའི་བྱ་འགུལ་དང་འབྲེལ་བའི་གཏམ་བཤད་སྤེལ་དོན།
     ༡.བོད་ཀྱི་ཡིག་གཟུགས་ཀྱི་བྱུང་འཕེལ་ལོ་རྒྱུས་དང་དེ་ཉམས་པ་སོར་ཆུད་དང་མ་ཉམས་གོང་འཕེལ་དུ་གཏོང་དགོས་པའི་བསམ་ཚུལ།
     ༢.བོད་ཀྱི་ཡིག་གཟུགས་ཀྱི་དགོས་གལ་རང་བཞིན་དང་དེ་མ་སྦྱངས་པའི་ཉེས་དམིགས་ཀྱི་སྐོར།
     ༣.དམའ་འབྲིང་སློབ་མས་བོད་ཀྱི་ཡིག་གཟུགས་རྒྱུན་འཛིན་དང་དར་སྤེལ་བྱེད་ཐབས་སྐོར་གླེང་བ།
     ༤.སློབ་རའི་རིག་གནས་འཛུགས་སྐྲུན་ལས་འབྲི་ཀློག་གཉིས་ཀྱི་གལ་ཆེན་རང་བཞིན་གླེང་བ་བཅས་སོ།
     ཐེངས་འདིའི་རྒྱལ་ཡོངས་བོད་ཀྱི་ཡིག་གཟུགས་དུས་ཆེན་བསུ་བའི་དམའ་གཅིག་རིམ་པའི་བོད་ཡིག་ཡིག་གཟུགས་འགྲན་བསྡུར་སྐབས་བཞི་བ་སྤེལ་བ་བརྒྱུད་ནས་དགེ་སློབ་དག་གིས་བོད་ཀྱི་ཐུན་མོང་མ་ཡིན་པའི་རིག་གནས་ཀྱི་རྩ་བའི་རྨང་གཞིར་གྱུར་བའི་ཡིག་གཟུགས་འབྲི་སྦྱོང་ལ་སྔར་མེད་ཀྱི་འབད་བརྩོན་བྱེད་དགོས་པ་མ་ཟད། འབྲི་རྩལ་དང་ཡིག་གཟུགས་ཀྱི་ཆ་རྐྱེན་ཀུན་ལྡན་གྱི་སུག་བྲིས་ལེགས་པོས་བོད་ཀྱི་རིག་གནས་འཛིན་སྐྱོང་སྤེལ་གསུམ་བྱེད་པའི་ཆ་ལ་སྙོམས་ཐབས་བྲལ་བའི་དགེ་མཚན་དུ་མའི་མཐུན་རྐྱེན་སྦྱོར་བཞིན་པའི་བསམ་པའི་འདུ་ཤེས་རྒྱུན་འཁྱོངས་བྱེད་འདོད་ཀྱི་ཀུན་སློང་སྐྱེས་སུ་བཅུག་པ་རེད།

འདི་རུ་དཔྱད་བརྗོད་འཇོག་པའམ་ཡང་ན་དཔྱད་བརྗོད་ལ་གཟིགས་ཆོག
དཔྱད་འཇོག་ཤོག་ངོས་ཕབ་བཞིན་པ།
正在加载评论列表...