སྡེབ་ངོས་རྩོམ་ཡིག་ཀློག་ཐབས།
དཀར་རིལ་མནན་ཏེ་རིགས་དབྱེ་ལ་ལྟ་བ།
གསེར་ཆེན་རྫོང་མི་རིགས་སློབ་འབྲིང་གིས་དམའ་གསུམ་རིམ་པའི་ཁྱིམ་བདག་ཚོགས་འདུ་བསྡུས།
རྩོམ་པ་པོ། མི་གསལ། རྩོམ་སྒྲིག་པ། Lhamo དུས་ཚོད། 2019-4-30 9:34:00 རྩོམ་ཁུངས། མཚོ་སྔོན་པོ་དྲ་བ། ཀློག་གྲངས།
     རྒྱུགས་ལེན་པ་ནི་སློབ་མ་ཞིག་གི་ངོས་ཐད་ནས་གླེང་ན་རང་གི་མི་ཚེ་ཕུགས་འདུན་གྱི་སྒོ་མོ་འབྱེད་པའི་ལྡེ་མིག་དང་མ་འོངས་རེ་འདུན་དོན་དུ་གཉེར་ཐུབ་མིན་གྱི་ཚོད་ལྟ་ཐེངས་གཅིག་ཡིན་སྲིད། རྒྱུགས་འབྲས་ཀྱིས་སློབ་འབྲིང་སློབ་མ་ཞིག་གི་ལོ་དགུའི་འགན་བབས་སློབ་གསོའི་འོས་འགན་ལེགས་འགྲུབ་བྱས་ཡོད་མེད་ལ་ར་སྤྲོད་ཡང་དག་ཅིག་བྱེད་ངེས་ཡིན་པས་ང་ཚོས་མ་བགྲོས་གཅིག་མཐུན་སྒོས་ཏང་གི་མི་རིགས་སློབ་གསོའི་བྱ་གཞག་དང་ལེན་དང་སློབ་མས་སློབ་གཉེར་གྱི་ལས་ལ་འབད་པ་དང་རེ་མོས་མངོན་འགྱུར་བྱེད་པར་སྦྱངས་བརྩོན་བྱེད་པའི་འདུ་ཤེས་སྐྱེས་སུ་འཇུག་དགོས་པ་རེད། དེ་དང་མཉམ་དུ་འབྲིང་རྒྱུགས་ལ་མཐོང་ཆེན་དང་འབྲིང་རྒྱུགས་ཀྱི་གཡུལ་ས་ལས་རྒྱལ་བར་སྔ་མོ་ནས་སྟ་གོན་གང་ལེགས་བྱེད་དགོས།དགེ་རྒན་ཞིག་གིས་སེམས་ཁུར་བྱ་རྒྱུ་ནི་སྤྱོད་ཡོན་གཉིས་ལྡན་གྱི་སློབ་མ་ཞིག་སྐྱེད་སྲིང་བྱེད་རྒྱུ་དེ་ཡིན་ལ། ཁྱིམ་བདག་ཞིག་གིས་རྒྱུན་འཁྱོངས་བྱ་རྒྱུ་ནི་རང་གི་བུ་ཕྲུག་ཡ་རབས་ཚུལ་ལྡན་ཅན་དུ་འགྱུར་བར་གསོ་སྐྱོང་བྱེད་རྒྱུ་དེ་ཡིན་པ་མ་ཟད། སློབ་མ་ཞིག་གིས་བརྩོན་ལེན་བྱ་དགོས་པ་ཡང་རང་གི་སྦྱངས་བརྩོན་གྱི་སྟོབས་ལ་བརྟེན་ནས་མ་འོངས་པའི་མི་ཚེའི་ཕུགས་འདུན་ལེགས་འགྲུབ་བྱེད་དགོས་པ་དེ་རེད། དེ་བས་ང་ཚོས་ངེས་པར་དུ་ལད་ཟློས་རྒྱུགས་འབྲས་ལ་ཡང་དག་པའི་དབྱེ་ཞིབ་བྱས་པ་བརྒྱུད་ནས་འབྲིང་རྒྱུགས་ལ་གཡུར་དུ་ཟ་བའི་འབྲས་བུ་ཞིག་བླངས་ཏེ་ད་ལོའི་མཐར་ཕྱིན་སློབ་མ་ཐམས་ཅད་ཆད་ལྷག་མེད་པར་མཐོ་འབྲིང་གི་སྒོ་ཐེམ་དུ་གོམ་པ་སྤོ་བར་ནུས་པ་གང་ཡོད་འདོན་དགོས་པ་ནི་དགེ་རྒན་དང་ཁྱིམ་བདག་སློབ་མ་བཅས་ཀྱི་མཐར་ཐུག་གི་དམིགས་ཡུལ་ཡིན་ནོ།།
     སློབ་གྲྭའི་སློབ་སྟོན་ཁང་གིས་གཙོ་སྒྲུབ་བྱས་པའི་དམའ་གསུམ་རིམ་པའི་ལད་ཟློས་རྒྱུགས་འབྲས་དང་འབྲེལ་བའི་ཁྱིམ་བདག་ཚོགས་འདུ་དེ་2019ལོའི་ཟླ4ཚེས་29ཉིན་གྱི་སྔ་དྲོའི་དུས་ཚོད10སྟེང་སློབ་གྲྭའི་ལུས་རྩལ་ར་བ་ནས་གཟབ་རྒྱས་ངང་ཚོགས་མགོ་ཚུགས་པ་རེད།ཐེངས་འདིའི་ཚོགས་འདུ་ལ་ཞུགས་པའི་མི་སྣ་ནི་སློབ་གྲྭའི་འབྲེལ་ཡོད་མགོ་ཁྲིད་དང་དམའ་གསུམ་རིམ་པའི་དགེ་རྒན་དང་ཁྱིམ་བདག་བཅས་ཡིན་ལ་དམའ་གསུམ་ལོ་རིམ་ཁག་གི་མགོ་ཁྲིད་བྱམས་པ་ཚེ་བརྟན་གྱིས་རིམ་པ་བཞི་ཡིས་གྲུབ་པའི་ཐེངས་འདིའི་ཁྱིམ་བདག་ཚོགས་འདུ་ལ་མདོ་འཛིན་བྱས་པ་རེད།
     རིམ་པ་དང་པོ། སློབ་སྤྱི་གཞོན་པ་ཚེ་གཟུངས་ལགས་ཀྱིས་ཐེངས་འདིའི་ཚོགས་འདུའི་གལ་ཆེན་རང་བཞིན་དམའ་གསུམ་རིམ་པའི་ཁྱིམ་བདག་དག་ལ་གསལ་བསྒྲགས་དང་ཚོགས་འདུའི་དགོངས་དོན་ལག་ལེན་མཐར་ཕྱིན་བྱེད་དགོས་པའི་རེ་བ་བཏོན་པ་རེད། ཁོང་གིས་བསྟན་དོན་འབྲིང་རྒྱུགས་ནི་སློབ་མའི་མདུན་ལམ་ལ་ཐད་ཀར་དུ་འབྲེལ་བ་དམ་པོ་ཡོད་པའི་ལས་འགན་གལ་ཆེན་ཞིག་ཡིན་པ་མ་ཟད། 2018ལོའི་འབྲིང་རྒྱུགས་ལ་ཞུགས་པའི་སློབ་གྲོགས་དག་གི་རྒྱུགས་འབྲས་དང་སློབ་གྲྭ་གང་དག་དུ་སོང་ཚུལ།དགེ་རྒན་དང་ཁྱིམ་བདག་གིས་མི་འགྱངས་པར་འབྲིང་རྒྱུགས་ལ་ཞུགས་དགོས་པའི་སློབ་མའི་མདུན་ལམ་ལ་སེམས་ཁུར་དང་སློབ་སྦྱོང་གི་ཐད་ནས་རམ་འདེགས་བྱེད་དགོས་ཚུལ་ཕྲ་ཞིང་ཞིབ་པའི་སྒོ་ནས་ངོ་སྤྲོད་བྱས་པ་རེད། སློབ་སྤྱི་ཚེ་གཟུངས་ལགས་ཀྱིས་ནན་གྱིས་གསུངས་རྒྱུར2019ལོའི་འབྲིང་རྒྱུགས་ལ་ཞུགས་དགོས་པའི་སློབ་གྲོགས་དག་གི་སློབ་སྦྱོང་གི་གནས་ཚུལ་དང་དུས་ཚོད་ཀྱི་བཀོད་སྒྲིག  དགེ་རྒན་གྱི་འོས་འགན། ཐོས་བསམ་གྱི་ནང་དོན་སོགས་ཇི་ལྟར་གཏན་འཁེལ་བྱས་ཚུལ་སོགས་ཁྱིམ་བདག་རྣམས་ལ་བརྒྱུད་བསྒྲགས་བྱས་པ་མ་ཟད། ཁྱིམ་བདག་རྣམས་ཀྱིས་དགེ་རྒན་དང་ཟུང་འབྲེལ་སྒོས་ད་ལོའི་མཐར་ཕྱིན་སློབ་མ་དག་གི་རེ་འདུན་ལེགས་འགྲུབ་བྱེད་པར་ནུས་པ་གང་ཡོད་འདོན་དགོས་པའི་རེ་བ་བཏོན་པ་རེད།
     རིམ་པ་གཉིས་པ། སློབ་སྟོན་ཁང་གི་ཀྲུའུ་རིན་བཀྲ་ཤིས་མཚོས་སྐབས་གཉིས་པའི་ལད་ཟློས་རྒྱུགས་ལེན་གྱི་འབྲས་བུ་ཁྱབ་བསྒྲགས་དང་བྱ་དགའ་ཐོབ་པའི་སློབ་མ་རྣམས་ལ་ཡུལ་དངོས་ནས་སློབ་སྤྱི་ཚེ་གཟུངས་ལགས་ཀྱིས་བྱ་དགའ་གནང་བ་རེད། སྐབས་གཉིས་པའི་ལད་ཟློས་རྒྱུགས་གཞི་ཁྲོད་མི་སྒེར་གྱི་བྱ་དགའི་རིམ་པ་ནི་ཨང་དང་པོ་ཐོབ་པའི་སློབ་གྲོགས་30དང་ཨང་གཉིས་པ་ཐོབ་པའི་སློབ་གྲོགས30ཨང་གསུམ་པ་ཐོབ་པའི་སློབ་གྲོགས40བཅས་བསྡོམས་པའི་སློབ་གྲོགས101ལ་བྱ་དགའ་གནང་བ་དང་།ཐུན་མོང་གི་བྱ་དགའི་རིམ་པ་ནི་ཨང་དང་པོ་ཐོབ་པའི་འཛིན་གྲྭ1ཨང་གཉིས་པ་ཐོབ་པའི་འཛིན་གྲྭ2ཨང་གསུམ་པ་ཐོབ་པའི་འཛིན་གྲྭ3བཅས་བསྡོམས་པའི་འཛིན་གྲྭ་11ལ་ཡང་བྱ་དགའ་གནང་བ་རེད།
     རིམ་པ་གསུམ་པ། སློབ་སྤྱི་གཞོན་པ་ཚེ་གཟུངས་ལགས་ཀྱིས་དམའ་གསུམ་རིམ་པའི་སློབ་གྲོགས་དང་ཁྱིམ་བདག་དག་ལ་རེ་བ་བཏོན་པ།
དམའ་གསུམ་རིམ་པའི་སློབ་གྲོགས་དག་ལ་བཏོན་པའི་རེ་བ་ནི།
         1.ཐེངས་འདིའི་ལད་ཟློས་རྒྱུགས་ལེན་གྱི་འབྲས་བུ་ལ་དབྱེ་ཞིབ་ནན་མོ་བྱེད་དགོས་པ།
         2.སློབ་མ་རང་ཉིད་ཀྱི་སྦྱངས་འབྲས་ཞན་པའི་བསླབ་བྱའི་སྐོར་ལ་ནུས་པ་འདོན་དགོས་པ།
         3.བསྐྱར་སྦྱངས་བྱེད་པའི་གོ་རིམ་ཁྲོད་དུ་དགེ་རྒན་དང་མཉམ་འབྲེལ་བྱེད་དགོས་པ།
         4.དུས་ཚོད་དམ་འཛིན་གྱིས་འབྲིང་རྒྱུགས་ལ་སྟ་གོན་གང་ལེགས་བྱེད་དགོས་པ།
         5.རང་གི་དམིགས་ཡུལ་གཏན་འཁེལ་བྱེད་དགོས་པ།
         6.སློབ་སྦྱོང་གི་བྱེད་ཐབས་ལ་མཉམ་འཇོག་བྱེད་དགོས་པ།
         7.དུས་ལྟར་བསྐྱར་སྦྱངས་ཀྱི་འོས་འགན་ལེགས་འགྲུབ་བྱེད་དགོས་པ།
         8.རང་གི་དཀའ་གནད་རང་ཉིད་ཀྱིས་ཐག་གཅོད་བྱེད་དགོས་པ།
         9.ཉིན་རེ་རེའི་སློབ་སྦྱོང་གི་བྱ་བར་སྤྱི་སྡོམ་བྱེད་དགོས་པ།
     ཁྱིམ་བདག་རྣམས་ལ་བཏོན་པའི་རེ་བ།
         1.བྱིས་པའི་སློབ་སྦྱོང་གི་དུས་ཚོད་དང་ཁོར་ཡུག ད་དུང་ངལ་གསོའི་དུས་ཚོད་སོགས་ཁྱིམ་བདག་རྣམས་ཀྱིས་བཀོད་སྒྲིག་གང་ལེགས་བྱེད་དགོས་པ།
         2.བྱིས་པའི་སེམས་ལ་ཚུལ་མཐུན་དོན་གཉེར་གྱི་བག་ཆགས་བཟང་བོ་འཇོག་པར་ནུས་པ་འདོན་དགོས་པ་།
         3.སློབ་མར་ཁ་པར་ཉོ་བའི་སྲོལ་ངན་བཅོས་བསྒྱུར་བྱེད་དགོས་པ།
         4.ཁྱིམ་བདག་རྣམས་ཀྱིས་དགེ་རྒན་གྱི་བྱ་བར་རྒྱབ་སྐྱོར་བྱེད་དགོས་པ་བཅས་སོ།
     རིམ་པ་བཞི་བ། དམའ་གསུམ་ལོ་རིམ་ཁག་གིས་སློབ་སྦྱོང་ལ་ཡར་རྒྱས་ཡོད་པའི་སློབ་གྲོགས་དང་སྦྱངས་འབྲས་ཕུལ་དུ་བྱུང་བའི་སློབ་གྲོགས་ཡོངས་ལ་ཚོགས་ཐོག་ཏུ་བྱ་དགའ་གནང་བ་མ་ཟད།དམའ་གསུམ་ལོ་རིམ་ཁག་གི་མགོ་ཁྲིད་བྱམས་པ་ཚེ་བརྟན་ལགས་ཀྱིས་བྱ་དགའི་ཨང་རིམ་དང་བྱ་དགའ་སྟེར་དགོས་པའི་རྒྱུ་མཚན་སོགས་གསལ་བསྒྲགས་བྱས་ཏེ།ཁྱིམ་བདག་དག་གིས་མུ་མཐུད་དུ་སློབ་གྲྭའི་བྱ་གཞག་དང་དགེ་རྒན་གྱི་འོས་འགན་ཡོངས་འགྲུབ་བྱེད་པའི་ཐད་ལ་རོགས་རམ་བྱེད་དགོས་པའི་རེ་བ་བཏོན་པ་རེད།
     ཐེངས་འདིའི་སྐབས་དང་པོ་དང་གཉིས་པའི་ལད་ཟློས་རྒྱུགས་ལེན་གྱི་སྦྱངས་འབྲས་དབྱེ་ཞིབ་དང་འབྲེལ་བའི་དམའ་གསུམ་རིམ་པའི་ཁྱིམ་བདག་ཚོགས་འདུ་འདི་བསྡུས་པས་དགེ་རྒན་དང་ཁྱིམ་བདག  སློབ་མ་རྣམས་ཀྱིས་ད་ནས་བརྩིས་ན་འབྲིང་རྒྱུགས་ལ་ཞུགས་པར་ཉིན་52ཡོད་པ་ལས་གནང་བ་དང་བྱ་འགུལ་སོགས་ཕུད་རྗེས་སློབ་སྦྱོང་བྱེད་དབང་ཡོད་པའི་ཉིན38མ་གཏོགས་མེད་པས་དུས་ཡུན་ཐུང་ཞིང་འོས་འགན་ལྕི་བའི་འབྲིང་རྒྱུགས་ཀྱི་བྱ་བར་རང་ནུས་གང་ཡོད་སྒོས་རམ་འདེགས་དང་རྒྱབ་སྐྱོར་བྱེད་དགོས་པའི་ཀུན་སློང་སྐྱེས་སུ་བཅུག་པ་རེད།

འདི་རུ་དཔྱད་བརྗོད་འཇོག་པའམ་ཡང་ན་དཔྱད་བརྗོད་ལ་གཟིགས་ཆོག
དཔྱད་འཇོག་ཤོག་ངོས་ཕབ་བཞིན་པ།
正在加载评论列表...