སྡེབ་ངོས་རྩོམ་ཡིག་ཀློག་ཐབས།
དཀར་རིལ་མནན་ཏེ་རིགས་དབྱེ་ལ་ལྟ་བ།
ཁྲི་ཀ་རྫོང་མི་རིགས་བཅའ་སྡོད་སློབ་གྲྭས་གཏམ་བཤད་འགྲན་སྡུར་གྱི་བྱ་འགུལ་སྤེལ།
རྩོམ་པ་པོ། སྟག་རིག་འབྲུག་ཐར། རྩོམ་སྒྲིག་པ། Lhamo དུས་ཚོད། 2019-5-5 9:52:00 རྩོམ་ཁུངས། མཚོ་སྔོན་པོ་དྲ་བ། ཀློག་གྲངས།
     གཏམ་བཤད་འགྲན་སྡུར་ནི་བརྗོད་བྱ་གཅིག་བདམས་ཏེ་དཔེ་ལུང་རིགས་གསུམ་དྲངས་ནས་བརྩེ་དུང་གི་ཤན་སྟོབས་ཀྱིས་གསལ་བཤད་དང་ལྷུག་བརྗོད་བྱེད་པའི་སྐད་ཆའི་སྒྱུ་རྩལ་ཞིག་ཡིན། ཁྲི་ཀ་རྫོང་མི་རིགས་བཅའ་སྡོད་སློབ་གྲྭའི་དམའ་གཉིས་རིམ་པས2019ལོའི་རང་རྒྱལ་གྱི་ལྔ་བཞིའི་ལས་འགུལ་དུས་ཆེན་ལ་དྲན་གསོ་ཞུ་བ་དང"ཏང་ལ་དགའ་བ། རྒྱལ་ཁབ་ལ་དགའ་བ། གཙོ་འཛིན་ལ་དགའ་བ"བཅས་བརྗོད་གཞི་ཡིན་པའི་རྒྱ་བོད་ཟུང་འབྲེལ་གྱི་གཏམ་བཤད་འགྲན་སྡུར་ཞིག་ཟླ4བའི་ཚེས26ཉིན་གྱི་དགོང་མོར་ཁྲི་ཀ་རྫོང་མི་རིགས་བཅའ་སྡོད་སློབ་གྲྭའི་སྐས་རིམ་ཚོམས་ཆེན་དུ་བསྡུས།
     ཐེངས་འདིའི་གཏམ་བཤད་ལ་འཛིན་གྲྭ་སོ་སོ་ནས་བོད་རྒྱའི་གཏམ་བཤད་པ་སློབ་མ་གཉིས་རེ་བདམས་ཏེ་འགྲན་སྡུར་ལ་ཞུགས་ཤིང་། འགྲན་ཞུགས་པ་རྣམ་པས་ཀྱང་བརྗོད་གཞི་ལ་དཀྱུས་གཅིག་ཏུ་དམིགས་ཏེ་སློབ་ཕྱིའི་དུས་ཚོད་བཀོལ་ནས་སྦྱོང་བརྡར་དང་གྲ་སྒྲིག་ལེགས་པོ་བྱས། ཐེངས་འདིའི་གཏམ་བཤད་འགྲན་སྡུར་གྱི་སློབ་མ་རྣམས་བྲེལ་འཚུབ་ཀྱི་རྣམ་པ་སྤུ་ཙམ་ཡང་མེད་པ་མ་ཟད། སྟེགས་བུའི་སྟེང་དུ་འགྲན་ཞུགས་པ་ལ་ལས་སྨྱན་མང་གཟུགས་ཀྱི་རིས་འགྲེལ་གསལ་བཤད་ཀྱི་བྱེད་ཐབས་སྤྱད་ནས་ཚོགས་རར་གསོན་ཤུགས་གསར་བ་དང་ཚོར་བ་གསར་བས་ཀུན་ནས་ཕྱུག་པའི་གཏམ་བཤད་སྤེལ་བས་དེར་འདུས་ཚོགས་མི་ཡོངས་ཀྱིས་དགའ་བསུའི་ཐལ་མོ་ལྷང་ལྷང་དུ་རྡེབ།
 
   འགྲན་ཞུགས་པ་ལ་ཤས་ཀྱིས་སྲིད་པའི་གཏམ་དང་ལུང་རིགས་ཀྱི་སྒྲུབ་བྱེད་དྲངས་ཏེ་གཏམ་བཤད་ཀྱི་བརྗོད་བྱའི་དོན་གསལ་བོར་མཚོན་པར་བྱེད་ལ། བརྩེ་དུང་གི་ཤུགས་དྲག་པའི་ཚོར་བ་དང་མཚོ་མོའི་རླབས་བཞིན་གདངས་མཐོ་དམའི་སྐད་ཆའི་སྒྱུ་རྩལ་གྱིས་ཕུགས་བསམ་གཙང་མའི་རེ་བ་མངོན་པར་མཚོན། ལྷག་པར་དུ་ཏང་དང་རྒྱལ་ཁབ་ལ་བློ་དཀར་བའི་སེམས་པ་དང་རྒྱལ་ཁབ་ཀྱི་གཙོ་འཛིན་ཞི་ཅིན་ཕིང་གི་རླབས་ཆེན་དགོངས་དོན་ལ་སློབ་སྦྱོང་བྱེད་པའི་སྙིང་སྟོབས་ཀྱང་གསལ་བོར་མཚོན། 
     ཐེངས་འདིའི་དཔྱད་འདེམས་པ་རྣམ་པས་ཀྱང་དྲང་བདེན་དང་དྲང་བཞག འདྲ་མཉམ་གྱི་སྐར་མ་སྟེར་སྟངས་གཙོ་བོར་བཟུང་སྟེ་བོད་ཡིག་གི་གཏམ་བཤད་འགྲན་སྡུར་ལས་སློབ་གྲོགས་སྙིང་དཀར་ཚེ་རིང་གིས་བྱ་དགའ་ཨང་དང་པོ་བླངས་པ་དང་། སློབ་གྲོགས་བདེ་ཆེན་གཡང་འཛོམས་ཀྱིས་རྒྱ་ཡིག་གི་གཏམ་བཤད་འགྲན་སྡུར་ལས་བྱ་དགའ་ཨང་དང་པོ་བླངས། གཞན་རྣམས་ལ་ཡང་རིམ་པ་བཞིན་དུ་བྱ་དགའི་རྟགས་མ་གནང་སྟེ་སྐུལ་ལྕག་བྱས། མཇུག་མཐར་ལོ་རིམ་མགོ་གཙོས་བྱ་འགུལ་ལ་སྤྱི་བསྡོམས་དང་འདིའི་རིགས་ཀྱི་བྱ་འགུལ་ལ་ཡང་ཡང་ཞུགས་ན་དགེ་མཚན་གང་དག་ཡོད་པ་སོགས་སློབ་མ་ཚོར་ཁ་གསལ་གོ་བདེའི་གསལ་འགྲེལ་བྱས། བརྗོད་བྱ་གཅིག་ཅན་གྱི་གཏམ་བཤད་འགྲན་སྡུར་ལས་སློབ་གྲྭའི་རིག་གནས་མཁའ་དབུགས་ཕུན་སུམ་ཇེ་ཚོགས་སུ་བཏང་བ་དང་། སློབ་གྲོགས་རྣམས་ཀྱིས་རང་ཉིད་ཀྱི་འཇོན་ནུས་སྔོག་འདོན་དང་གཏམ་བཤད་ཀྱི་རྣམ་པ་བཅས་ལ་རྒྱུས་ལོན་དང་གོ་བ་གཏིང་ཟབ་པ་ལོན་པས་ཐེངས་འདིའི་བྱ་འགུལ་སྤེལ་བའི་དམིགས་འབེན་ཡང་བདེ་ལེགས་ངང་འགྲུབ་པའོ།།

འདི་རུ་དཔྱད་བརྗོད་འཇོག་པའམ་ཡང་ན་དཔྱད་བརྗོད་ལ་གཟིགས་ཆོག
དཔྱད་འཇོག་ཤོག་ངོས་ཕབ་བཞིན་པ།
正在加载评论列表...