སྡེབ་ངོས་རྩོམ་ཡིག་ཀློག་ཐབས།
དཀར་རིལ་མནན་ཏེ་རིགས་དབྱེ་ལ་ལྟ་བ།
གསེར་ཆེན་རྫོང་མི་རིགས་སློབ་གྲྭས་སྐབས་བཅུ་བཞི་པའི་ལུས་རྩལ་འགྲན་ཚོགས་སྤེལ་བ།
རྩོམ་པ་པོ། མི་གསལ། རྩོམ་སྒྲིག་པ། Lhamo དུས་ཚོད། 2019-5-27 10:56:00 རྩོམ་ཁུངས། མཚོ་སྔོན་པོ་དྲ་བ། ཀློག་གྲངས།
     ད་ལོ་ནི་རླབས་ཆེ་བའི་ཀྲུང་གོ་གསར་བ་དབུ་བརྙེས་ནས་ལོ་འཁོར་བདུན་ཅུ་ལོན་པ་དང་ལོ་རྒྱུས་ཀྱི་གཟི་བྱིན་འབར་བའི་ལྔ་བཞི་ལས་འགུལ་བྱུང་ནས་ལོ་འཁོར་བརྒྱ་འཁོར་བ། མཛེས་སྡུག་ལྡན་པའི་མཚོ་སྔོན་བཅིངས་གྲོལ་ཐོབ་ནས་ལོ་འཁོར་བདུན་ཅུ་ལོན་པ། ཤེས་རིག་གི་དྲི་བསུང་ཕྱོགས་བཅུར་ཁྱབ་པའི་ང་ཚོའི་སློབ་གྲྭ་བཙུགས་ནས་ལོ་འཁོར་བཞི་བཅུ་འཁོར་བར་ལྷག་བསམ་རྣམ་དག་གི་དགའ་སྟོན་རྟེན་འབྲེལ་ཞུ་བ་དང་། ཏང་གི་མི་རིགས་སློབ་གསོའི་ལས་དོན་ཕྱོགས་ཡོངས་ནས་འཕེལ་རྒྱས་སུ་གཏོང་བར་འབད་པ་བླ་ལྷག་བྱེད་ཆེད་ཐོག་མའི་ཀུན་སློང་མ་བོར་བ་དང་ད་ལྟའི་འགན་འཁྲི་མི་བརྗེད་པའི་ལམ་ལུགས་གཞིར་བཟུང་ནས་གང་ནུས་ཅི་ལྕོགས་ཀྱིས་སློབ་གསོའི་ལས་དོན་ཡར་རྒྱས་སུ་བཏང་སྟེ་སྤྱོད་ཡོན་གཉིས་དང་ལྡན་པའི་མེས་རྒྱལ་གྱི་མ་འོངས་པའི་བདག་པོ་གསོ་སྐྱོང་བྱེད་པར་ནུས་པ་གང་ཡོད་གདོན་དགོས་པར་རིགས། ཁྱད་པར་དུ་རྒྱལ་ཁབ་དར་རྒྱས་དང་སྤྱི་ཚོགས་འཆམ་མཐུན། མི་རིགས་མཐུན་སྒྲིལ་གྱི་ལས་འགན་ལག་ལེན་མཐར་ཕྱིན་བྱེད་པའི་བསམ་པའི་ཀུན་སློང་ཡང་དག་བསྐྱེད་དགོས་པ་རེད།
     2019ལོའི་ཟླ5ཚེས26ཉིན་གྱི་སྔ་དྲོའི་དུས་ཚོད9:18སྟེང་གསེར་ཆེན་རྫོང་མི་རིགས་སློབ་འབྲིང་གིས་མི་རིགས་མཐུན་སྒྲིལ་ཡར་རྒྱས་དཔེ་སྟོན་རྫོང་གསར་འཛུགས་དང་སློབ་གྲྭའི་སྐབས་བཞི་བའི་སློབ་རའི་རིག་གནས་སྒྱུ་རྩལ་དུས་ཆེན་དང་སྐབས་བཅུ་བཞི་བའི་མཆོང་རྒྱུག་འཕེན་གསུམ་གྱི་ལུས་རྩལ་འགྲན་ཚོགས་དེ་སློབ་གྲྭའི་བཀྲ་ཤིས་རྟགས་བརྒྱད་ཀྱི་རི་མོས་བརྒྱན་པའི་ལུས་རྩལ་ར་བར་གཟབ་རྒྱས་ངང་སྤེལ་བ་རེད། ཐེངས་འདིའི་ཚོགས་འདུ་ལ་རིམ་པ་བརྒྱད་ཀྱིས་གྲུབ་ཅིང་རང་སློབ་གྲྭའི་སློབ་སྤྱི་གཞོན་པ་ཡོན་ཏན་ཚེ་རིང་ལགས་ཀྱིས་ཐེངས་འདིའི་ལུས་རྩལ་འགྲན་ཚོགས་ལ་མདོ་འཛིན་བྱས་པ་རེད།
     རིམ་པ་དང་པོ། མདོ་འཛིན་པས་མགོ་ཚུགས་མཛད་སྒོ་ཁྱབ་བསྒྲགས་བྱས་པ།
     རིམ་པ་གཉིས་པ། འཛིན་གྲྭ་སོ་སོའི་འཐུས་ཚབ་རུ་ཁག་ཡུལ་དངོས་སུ་ཞུགས་པ།
     རིམ་པ་གསུམ་པ། རིག་རྩལ་སྤྲོ་ཚོགས་ལ་ཕེབས་པའི་སྐུ་མགྲོན་རྣམ་པ་ངོ་སྤྲོད་བྱས་པ།
     རིམ་པ་བཞི་པ། རྒྱལ་གླུ་ལེན་པའི་མཛད་སྒོ་སྤེལ་བ།
     རིམ་པ་ལྔ་བ། སློབ་གྲྭའི་སློབ་སྤྱི་གཡུང་དྲུང་བསྟན་པ་ལགས་ཀྱིས་གསུངས་བཤད་གནང་བ།
     རིམ་པ་དྲུག་པ། ལུས་རྩལ་བ་དང་ཤན་འབྱེད་པའི་འཐུས་ཚབ་ཀྱིས་གཏམ་བཤད་སྤེལ་བ།
     རིམ་པ་བདུན་པ། གུང་ཧོ་རྫོང་དྲིལ་བསྒྲགས་པུའི་འགོ་ཁྲིད་གཞོན་པའམ་རྫོང་དཔལ་ཡོན་གཞུང་ལས་ཁང་གི་ཀྲུའུ་རིན་ལི་ཙི་ལུང་གིས་ལུས་རྩལ་འགྲན་ཚོགས་མགོ་རྩོམ་པ་དྲིལ་བསྒྲགས་བྱས་པ།
     རིམ་པ་བརྒྱད་པ། རིག་རྩལ་འཁྲབ་སྟོན་དངོས་སུ་མགོ་བརྩམ་པ།

     ཐེངས་འདིའི་རིག་རྩལ་སྤྲོ་ཚོགས་ལ་ཞུགས་པའི་ཐོག་མའི་རིག་རྩལ་འཁྲབ་སྟོན་ནི་དགེ་རྒན་ཚེ་མགོན་རྒྱལ་གྱིས་བླངས་པའི་རྟེན་འབྲེལ་ཀུན་གྱི་ཐོག་མ་ཞེས་པའི་དམངས་གླུ་ཞིག་ཡིན་ཞིང་། འདི་ལས་བོད་རང་གི་ཐུན་མོང་མ་ཡིན་པའི་སྲོལ་རྒྱུན་རིག་གནས་ཀྱི་མི་སེམས་འགུགས་པར་བྱེད་པའི་ཡོན་ཏན་དྲིལ་བསྒྲགས་དང་། མི་རིགས་ཤིག་གི་བསམ་པའི་ཀུན་སློང་དང་འཚོ་བའི་གནས་བབ། ད་དུང་ཡིད་འགུགས་ཐེབས་པའི་སྒྱུ་རྩལ་གྱི་ཉམས་སྣང་གིས་སློབ་མའི་སེམས་ལ་བརྗེད་དཀའ་བའི་བག་ཆགས་ཟབ་མོ་བཞག་པ་རེད།  རིག་རྩལ་འཁྲབ་སྟོན་གཉིས་པ་ནི་མེ་ཏོག་མཉམ་བཞད་ཞེས་པའི་ཞབས་བྲོ་ཞིག་ཡིན་ཞིང་། འདི་ལས་མི་རིགས་མཐུན་སྒྲིལ་གྱི་ལམ་ལུགས་གཞིར་བཟུང་ནས་རྒྱལ་ཁབ་དར་རྒྱས་དང་འཆམ་མཐུན་སློབ་གྲྭ་འཛུགས་སྐྲུན་བྱེད་པར་མ་བསྐུལ་དང་ལེན་སྒོས་འབད་པ་བྱེད་དགོས་པའི་འདུ་ཤེས་བསྐྱེད་པར་བྱས་པ་རེད། རིག་རྩལ་འཁྲབ་སྟོན་གསུམ་པ་ནི་མེ་ཏོག་གི་ཞིང་ཁམས་ཞེས་པའི་རྒྱན་གོས་འཁྲབ་སྟོན་བྱེད་པ་ཞིག་ཡིན་ཞིང་། འདི་ལས་མི་རིགས་རང་གི་བསམ་པའི་འཁྱེར་སོ་དང་མཐུན་ཞིང་མཛེས་དཔྱོད་ཀྱི་ལྟ་བ་འབུར་དུ་ཐོན་པ། འཚོ་བའི་གོམས་སྲོལ་དང་འོས་ཤིང་འཚམ་པ། སྲོལ་རྒྱུན་གྱི་རིན་ཐང་ལྟ་བ་མཐོར་འདེགས་བྱེད་ནུས་པའི་སྒྱུ་རྩལ་ལ་དགའ་དགོས་པ་དང་། བྱ་འགུལ་ལ་དངོས་སུ་ཟབ་ཞུགས་བྱེད་པ་ནི་སློབ་མའི་ཕྱོགས་ཡོངས་འཕེལ་རྒྱས་ཀྱི་མ་མ་ཡིན་ཚུལ་བསྟན་ཡོད། རིག་རྩལ་འཁྲབ་སྟོན་བཞི་བ་ནི་ལྷམ་མེར་འཚེར་བའི་ལང་ཚོ་ཞེས་པའི་ཚོགས་པའི་ལུས་རྩལ་སྦྱོང་བརྡར་བྱེད་པ་ཞིག་ཡིན་ཞིང་། འདི་ལས་སློབ་མའི་ལུས་ཕུང་བདེ་ཐང་དང་བསམ་བློ་ཀུན་སྤྱོད་ལེགས་པོ་རྒྱུན་འཁྱོངས་བྱེད་དགོས་ལ་ཁྱད་པར་དུ་ཕན་ཚུན་ལ་རོགས་འདེགས་དང་ཕན་ཚུན་ལ་སློབ་སྦྱོང་བྱེད་དགོས་པའི་མཛའ་བརྩེ་འབྲེལ་བ་རྒྱུན་འཁྱོངས་བྱེད་དགོས་པའི་ཀུན་སློང་རྣམ་དག་བསྐྱེད་པར་བྱས་པ་རེད། རིག་རྩལ་འཁྲབ་སྟོན་ལྔ་བ་ནི་དབྱར་གཞུང་གི་རྩྭ་ཐང་ཞེས་པའི་ཞབས་བྲོ་ཞིག་ཡིན་ཞིང་། འདི་ལས་རིགས་སོ་སོའི་མི་དམངས་ཀྱི་ཐུན་མོང་མ་ཡིན་པའི་ཡུལ་སྲོལ་གོམས་འདྲིས་དང་འཚོ་བའི་རྣམ་པ། དཔལ་ཡོན་ལྡན་པའི་སྤྱོད་ལམ་སོགས་ར་སྤྲོད་བྱས་ཏེ་མི་རིགས་རང་གི་ཀུན་སྤྱོད་བཟང་བོ་རྒྱུན་འཁྱོངས་བྱེད་དགོས་པའི་འབོད་སྐུལ་བཏང་བ་རེད། རིག་རྩལ་འཁྲབ་སྟོན་དྲུག་པ་ནི་མཛའ་མཐུན་གྱི་ལག་རྡང་ཞེས་པའི་སྐོར་བྲོ་འཁྲབ་སྟོན་བྱེད་པ་ཞིག་ཡིན་ཞིང་། འདི་ལས་མི་རིགས་རང་གི་ལྷད་མ་འདྲེས་པའི་ཤེས་རིག་གི་ཉིང་བཅུད་དང་ཕུན་སུམ་ཚོགས་པའི་ཆབ་དཔལ་རིག་གསུམ་གྱི་དགེ་མཚན་མཐོར་འདེགས་བྱེད་པར་དུས་རྒྱུན་དུ་རྒྱུན་འཁྱོངས་བྱེད་དགོས་པའི་རེ་སྐུལ་མཚོན་པར་བྱས་ཡོད།

     ཐེངས་འདིའི་སློབ་རའི་རིག་གནས་སྒྱུ་རྩལ་དུས་ཆེན་དང་སྐབས་བཅུ་བཞི་བའི་མཆོང་རྒྱུག་འཕེན་གསུམ་གྱི་ལུས་རྩལ་འགྲན་ཚོགས་ཀྱི་མཛད་སྒོ་སྤེལ་བས་སློབ་རའི་རིག་གནས་ཀྱི་འཕེལ་རྒྱས་ལ་སྔར་མེད་ཀྱི་རྨང་གཞི་བརྟན་པོ་ཞིག་བཏིངས་པ་མ་ཟད་འཆམ་མཐུན་སློབ་ར་འཛུགས་སྐྲུན་བྱེད་པའི་ཆ་ལ་སྔ་ན་མེད་པའི་ནུས་ཤུགས་ཐོན་པར་གདོན་མི་ཟའོ།།
     མཇུག་མཐར། རིག་རྩལ་སྤྲོ་ཚོགས་མཇུག་སྒྲིལ་རྗེས་སློབ་གྲོགས་ཐམས་ཅད་ཀྱི་གདོང་ལ་སྔ་ན་མེད་པའི་རྒྱལ་ཁའི་འཛུམ་མདངས་ཤིག་རྒྱས་བཞིན་ཉིན་གསུམ་གྱི་ལུས་རྩལ་འགྲན་སྡུར་ལ་དངོས་སུ་ཞུགས་པར་རྩོམ།

འདི་རུ་དཔྱད་བརྗོད་འཇོག་པའམ་ཡང་ན་དཔྱད་བརྗོད་ལ་གཟིགས་ཆོག
དཔྱད་འཇོག་ཤོག་ངོས་ཕབ་བཞིན་པ།
正在加载评论列表...