སྡེབ་ངོས་རྩོམ་ཡིག་ཀློག་ཐབས།
དཀར་རིལ་མནན་ཏེ་རིགས་དབྱེ་ལ་ལྟ་བ།
དགེ་རྒན་བསོད་ནམས་ཚེ་རིང་གིས་ནག་ཆུ་གྲོང་ཁྱེར་སློབ་ཆུང་དུ་སློབ་ཁྲིད་གནང་།
རྩོམ་པ་པོ། མི་གསལ། རྩོམ་སྒྲིག་པ། Lhamo དུས་ཚོད། 2019-7-3 9:59:00 རྩོམ་ཁུངས། མཚོ་སྔོན་པོ་དྲ་བ། ཀློག་གྲངས།
 
     ཉེ་སྔོན། ནག་ཆུ་གྲོང་ཁྱེར་སློབ་ཆུང་བོད་ཡིག་རྐང་འཛིན་དགེ་རྒན་ལས་སྒྲུབ་ཁང་དང་ནག་ཆུ་གྲོང་ཁྱེར་སློབ་ཆུང་གཉིས་ཀྱིས་ཆེད་མངགས་གྲགས་ཅན་དགེ་རྒན་བསོད་ནམས་ཚེ་རིང་ལགས་གདན་ཞུ་བྱས་ནས་གཟའ་འཁོར་གཅིག་གམ་ཉིན་གྲངས་ལྔ་ཡི་དུས་ཚོད་ནང་ནག་ཆུ་གྲོང་ཁྱེར་སློབ་ཆུང་དུ་སྐད་ཡིག་སློབ་ཚན་གསན་གཟིགས་དང་སློབ་ཚན་དཔྱད་འཇོག་གནང་བ་མ་ཟད། སྐད་ཡིག་འཛིན་སྐྱོང་སྤེལ་གསུམ་སྐོར་གྱི་བཤད་ཁྲིད་དང་སློབ་གྲྭའི་སློབ་དཔྱོད་བྱེད་སྒོའི་སྐོར་གྱི་བཤད་ཁྲིད་བཅས་ནང་དོན་ཁག་གསུམ་ཙམ་གྱི་ངང་ནས་ཟབ་སྦྱོང་གནང་ཡོད། 
     དགེ་རྒན་བསོད་ནམས་ཚེ་རིང་ལགས་ནི་ཁྲེང་ཀོན་ཆུས་དགེ་རྒན་གསོ་སྐྱོང་ལྟེ་གནས་ཀྱི་ལས་འཁྱུར་དགེ་རྒན་ཞིག་ཡིན་པས་བོད་རང་སྐྱོང་ལྗོངས་རིམ་པའི་ཕུལ་བྱུང་དགེ་རྒན་དང་དགེ་རྒན་གྲགས་ཅན་སོགས་ཀྱི་མཚན་སྙན་ཐོབ་ཡོད་ལ་ད་ཐེངས་ནག་ཆུ་གྲོང་ཁྱེར་དུ་ཆེད་མངགས་གདན་ཞུ་བྱེད་དགོས་པའི་དམིགས་ཡུལ་ནི་སྐད་ཡིག་སློབ་ཁྲིད་གནང་མཁན་གྱི་སློབ་གསོའི་སློབ་ཁྲིད་ཀྱི་དམིགས་ཡུལ་དང་། ཐབས་རྩལ། བརྒྱུད་རིམ། དགེ་རྒན་རང་ཉིད་ཀྱི་ཀུན་སྤྱོད་སོགས་གོང་མཐོར་གཏོང་རྒྱུ་དེ་ཡིན།   སྐད་ཡིག་སློབ་གསོ་སློབ་ཁྲིད་བྱེད་མཁན་གྱི་དགེ་རྒན་ཞིག་གི་ངོས་ནས་བཤད་ན་སློབ་ཁྲིད་ཀྱི་ནུས་རྩལ་དང་ཐབས་ལམ་ལྡན་དགོས་པ་མ་ཟད་དེ་བས་སློབ་མའི་ཚོགས་ཀྱི་ཀུན་སྤྱོད་དང་། རང་རྒྱུད་ཀྱི་གོམས་གཤིས་བཟང་པོའམ་ཡ་རབས་ཀྱི་སྤྱོད་བཟང་དར་སྤེལ་གཏོང་རྒྱུ་དེ་སྐད་ཡིག་དགེ་རྒན་རྣམ་པའི་ཕྲག་ཐོག་ཏུ་བབས་པའི་འགན་འཁྲི་ཡིན་པས་རྒན་ལགས་ཁོང་ནི་སློབ་ཁྲིད་སྐོར་ཙམ་མ་ཡིན་པར་དགེ་རྒན་གྱི་ཀུན་སྤྱོད་སློབ་གསོའི་ཐོག་ལ་བཤད་ཁྲིད་གནང་མཁས་པའི་དགེ་རྒན་གྲགས་ཅན་ཞིག་ཡིན། 
     ད་ཐེངས་ཉིན་གྲངས་ལྔ་ཙམ་ནང་སློབ་གྲྭའི་བཀོད་སྒྲིག་བཞིན་ནག་ཆུ་གྲོང་ཁྱེར་སློབ་ཆུང་གི་སྐད་ཡིག་སློབ་ཁྲིད་གནང་མཁན་གྱི་དགེ་རྒན་ལྔ་ཡི་སློབ་ཁྲིད་གསན་གཟིགས་གནང་བ་མ་ཟད་དགེ་རྒན་ལྔ་པོར་དུས་ཡུན་ཆུ་ཚོད་ཕྱེད་ཀ་ཙམ་རིགས་པའི་གཞུང་ལུགས་དང་། དཔྱད་གཞིའི་བསམ་འཆར། རང་ངོས་ཀྱི་སློབ་ཁྲིད་ཉམས་མྱོང་སོགས་གང་ལྟར་ཡང་ཁོང་གིས་སླད་མ་འོངས་ཀྱི་སློབ་ཁྲིད་ཁྲོད་ལེགས་ཆ་རྒྱུན་འཁྱོངས་དང་མ་འདང་པ་ཁ་གསབ་ཞིབ་མོས་རྣག་ཐོག་གཙག་འཁེལ་གྱི་སློབ་ཁྲིད་དཔྱད་འཇོག་གནང་ཡོད་ལ་ཕྱོགས་ཡོངས་ནས་དགེ་རྒན་ལྔ་པོའི་སློབ་ཁྲིད་ཐད་ལ་ལེགས་བཅོས་དང་རྒྱུན་འཁྱོངས་བྱ་དགོས་པ་དག་ཁ་གསལ་གོ་བདེའི་ངང་ནས་ཕྱོགས་བསྡོམས་གནང་ཡོད། 
     དགེ་རྒན་བསོད་ནམས་ཚེ་རིང་ལགས་ཀྱིས་རེ་གཟའ་ལྷག་པ་དང་པ་སངས་ཀྱི་སྔ་དྲོར་སྐད་ཡིག་འཛིན་སྐྱོང་སྤེལ་གསུམ་དང་སློབ་གྲྭའི་སློབ་དཔྱོད་བྱེད་སྒོའི་སྐོར་གྱི་བཤད་ཁྲིད་ཁག་གཉིས་གནང་ཡོད། ཐེངས་འདིའི་བཤད་ཁྲིད་ནང་བོད་ཀྱི་ཡིག་མཁན་རྒན་བསྟན་འཛིན་ལགས་དང་། ནག་ཆུ་གྲོང་ཁྱེར་སློབ་གསོ་ཅུད་སློབ་དཔྱོད་ཁང་གི་བོད་ཡིག་སློབ་དཔྱོད་འགན་ཁུར་བ་རྒན་སྐལ་བཟང་དབྱངས་ཅན་ལགས། གྲོང་ཁྱེར་སློབ་ཆུང་གི་སློབ་སྤྱི་ཆོས་འཕེལ་ལགས་དང་སློབ་སྟོན་སློབ་སྤྱི་བཀྲ་ཤིས་ཕུན་ཚོགས་ལགས། དེ་བཞིན་གྲོང་ཁྱེར་ཐད་གཏོགས་སློབ་ཆུང་ཁག་གི་སྐད་ཡིག་སློབ་ཁྲིད་གནང་མཁན་གྱི་དགེ་རྒན། ལམ་བཟང་སློབ་གྲྭའི་སྐད་ཡིག་དགེ་རྒན། ཤེས་ལྡན་སློབ་གྲྭའི་སྐད་ཡིག་དགེ་རྒན་སོགས་ཁྱོན་མི་གྲངས་བརྒྱ་ལྷག་ཙམ་བཤད་ཁྲིད་གསན་གཟིགས་གནང་བར་ཕེབས་ཡོད།
     ཐེངས་འདིའི་བཤད་ཁྲིད་ནང་ཁོང་གི་ལོ་མང་རིང་གསོག་འཇོག་གནང་བའི་རིན་བྲལ་གྱི་སློབ་གྲྭའི་སློབ་དཔྱོད་བྱེད་སྒོའི་ཉམས་མྱོང་དག་བཀའ་སློབ་གནང་བ་མ་ཟད་ཀྲུང་ཧྭ་མི་རིགས་ཀྱི་མེ་ཏོག་ལྡུམ་རའི་ནང་རང་མི་རིགས་ཀྱི་སྐད་ཡིག་གི་རིན་ཐང་མངོན་ཚུལ་དང་ཏང་གི་ཡང་དག་སྲིད་ཇུས་ཀྱི་བཀའ་དྲིན་ལས་རང་མི་རིགས་ཀྱི་སྐད་ཡིག་སྦྱོང་སྤྱོད་སྤེལ་གསུམ་གྱི་ཐད་ལ་འབད་པ་ཧུར་ལེན་དགོས་པའི་གལ་ཆེའི་མཛུབ་སྟོན་ཡང་གནང་ཡོད།
     གང་ལྟར་ཐེངས་འདིའི་ཉིན་གྲངས་ལྔ་ཡི་སློབ་དཔྱོད་བྱེད་སྒོ་འདི་སྤེལ་བ་བརྒྱུད་སྐད་ཡིག་སློབ་ཁྲིད་གནང་མཁན་གྱི་དགེ་རྒན་རྣམ་པའི་སློབ་ཁྲིད་ཀྱི་དམིགས་ཡུལ་དང་། ཐབས་རྩལ། བརྒྱུད་རིམ་སོགས་གང་ལ་གང་འཚམ་གྱི་གོང་མཐོར་ཕྱིན་ཡོད་ལ། ཁོང་གི་བརྗོད་དོན་ཕུན་སུམ་ཚོགས་པའི་བཤད་ཁྲིད་ལས་སྐད་ཡིག་དགེ་རྒན་གྱི་བསམ་བློར་ཡང་བཅིངས་འགྲོལ་ཐོབ་ངེས་རེད། 

འདི་རུ་དཔྱད་བརྗོད་འཇོག་པའམ་ཡང་ན་དཔྱད་བརྗོད་ལ་གཟིགས་ཆོག
དཔྱད་འཇོག་ཤོག་ངོས་ཕབ་བཞིན་པ།
正在加载评论列表...