སྡེབ་ངོས་རྩོམ་ཡིག་ཀློག་ཐབས།
དཀར་རིལ་མནན་ཏེ་རིགས་དབྱེ་ལ་ལྟ་བ།
བོད་ཡིག་གི《འཛམ་གླིང་རྩོམ་རིག》མི་འགྱངས་པར་འགྲེམ་སྤེལ་བྱ་རྒྱུ་རེད།
རྩོམ་པ་པོ། མི་གསལ། རྩོམ་སྒྲིག་པ། Lhamo དུས་ཚོད། 2019-7-25 9:23:00 རྩོམ་ཁུངས། ཀྲུང་གོའི་བོད་ཀྱི་དྲ་བ། ཀློག་གྲངས།
     ད་ལྟའི་དུས་སུ་དབྱིན་ཡིག་དང་། ཧྥ་རན་སྀའི་ཡི་གེ། འཇར་མན་གྱི་ཡི་གེ། ཉི་ཧོང་གི་ཡི་གེ། རྒྱ་ཡིག་ལ་སོགས་མི་གྲངས་མང་པོས་སྤྱོད་ཅིང་། ཁྱབ་རྒྱ་ཤིན་ཏུ་ཆེ་བའི་སྐད་ཡིག་དག་ནི་ལྟ་ཅི་སྨོས། ཡུ་གུར་གྱི་ཡི་གེ་དང་སོག་ཡིག་གཉིས་ཀྱིས་མཚོན་པའི་གྲངས་ཉུང་མི་རིགས་ཀྱི་སྐད་ཡིག་ཁ་ཤས་སུའང་། འཛམ་གླིང་རྩོམ་རིག་གི་རྩོམ་རབ་དག་གང་ལ་གང་འཚམས་བསྒྱུར་ཚར་ཡོད་པར་མ་ཟད། དེང་རབས་སུ་གྲགས་སྐད་ཆེ་བའི་བརྩམས་ཆོས་དག་ཀྱང་སྐད་ཡིག་དེ་དག་ལ་བསྒྱུར་དང་སྒྱུར་གྱིན་མཆིས་ཤིང་། 《འཛམ་གླིང་རྩོམ་རིག》ཅེས་པའི་དུས་དེབ་ཀྱང་ཟླ་གཉིས་རེར་ཐེངས་རེར་འདོན་གྱི་ཡོད་པ་མིག་ལམ་ལ་མངོན་སུམ་དུ་མཐོང་མོད། རང་རེ་ཅག་ལ་དུས་དེབ་དེ་ལྟ་བུ་ཞིག་ལྟ་ཅི། ཐ་ན་རྒྱ་བོད་ཀྱི་རྩོམ་རིག་ལོ་ཙཱ་ཙམ་ཡང་ཁུངས་བཙུན་ཞིང་འགྱུར་ལེགས་པ། འཐུས་ཚང་ཞིང་གྲ་རྒྱས་པ་ཞིག་ཡོང་མེད་པས་ན། དབྱིན་བོད་ལོ་ཙཱ་དང་ཧྥ་བོད་ལོ་ཙཱ་སོགས་འཛམ་གླིང་སྐད་རིགས་གཙོ་བོ་དག་གི་ལམ་ནས་རྩོམ་རིག་ལོ་ཙཱ་བྱེད་པ་དེ་བས་ཀྱང་རི་བོང་གི་རྭ་ལྟར་འཚོལ་དཀའ་བར་སྣང་།  
     གོ་ལ་གཅིག་གྱུར་ཅན་དང་ཤར་ནུབ་འགྲོ་འོང་འཁྲུག་ཆ་ཅན་སོགས་མངོན་སུམ་གྱི་གནས་བབ་ཁྱད་པར་ཅན་ལ་དཔྱད་ན་ནི། དེ་བས་ཀྱང་སྐད་རིགས་ཆེ་ཤོས་དབྱིན་ཡིག་ལྟ་བུའི་ལམ་གྱི་བརྩམས་ཆོས་དག་རང་གི་སྐད་ཡིག་ཏུ་བསྒྱུར་ནས་སློབ་སྦྱོང་དང་ནང་འདྲེན་ཐུབ་ཚེ། གཞི་ནས་འགྱུར་བ་རྒོད་པའི་དུས་སྐབས་འདིའི་ནང་དུ་སོ་སོའི་སྐད་ཡིག་ལ་གསོན་ཤུགས་དང་རེ་བ་བསྩལ་ཏེ། དེང་རབས་ཀྱི་སྤྱོད་སྒོ་ཡོད་པའི་སྐད་ཡིག་ཅིག་ཏུ་འགྱུར་ཐུབ་པ་ལས། ལྡོག་སྟེ་ལུང་པ་ཙམ་དང་མི་རིགས་ཙམ་ལ་ཨ་འཐས་ཞེན་འཁྲིས་ཆེ་བའི་ངང་ལུས་ན། ཁྲོན་པའི་སྦལ་པས་ནམ་མཁའ་ཆེན་པོ་མི་མཐོང་བ་ལྟར། སྐད་ཡིག་དེའང་དྲན་པ་དང་བག་ཆགས་ཙམ་དུ་གནས་ནས་འཕེལ་བར་མི་འགྱུར། སྐད་ཡིག་ཀྱང་འཕེལ་བར་མ་གྱུར་ན། སྐད་ཡིག་དེ་ལ་བརྟེན་ཅིང་གནས་པའི་རྩོམ་རིག་ནི་དེ་བས་ཀྱང་ལྟ་ཅི་སྨོས།
     དུས་རབས་ཉི་ཤུ་པའི་དབྱིན་བོད་རྩོམ་རིག་ལོ་ཙཱ་ཡི་འབྲས་རྟགས་སུ་སྐུ་ཞབས་བཀྲས་གླིང་དབང་རྡོར་ལགས་ཀྱི《ཧམ་ལེ་ཀྲི》ལྟ་བུ་འགོད་དུ་རུང་མོད། བརྩམས་ཆོས་གཅིག་ཙམ་གྱིས་རྩོམ་པ་དང་ཀློག་པའི་སྡེ་ལ་ཤུགས་རྐྱེན་ཆེན་པོ་ཞིག་ཅི་བས་ཀྱང་ཐེབས་དཀའ། དེ་ལྟར་རང་རེའི་དེང་རབས་རྩོམ་རིག་དང་རྩོམ་རིག་ལོ་ཙཱ་གཉིས་ཀ་རྒྱ་ཡིག་དང་རྒྱ་འགྱུར་རྩོམ་རིག་གིས་བསྐྱངས་ནས་ད་ལྟའི་བར་དུ་ལུས། ཉེ་བའི་ལོ་འགའི་རིང་ལ་གཞི་ནས་ཕྱི་རྩོམ་བོད་འགྱུར་གྱི་ལས་མགོ་བརྩམས་པ་ལྟ་བུའི་ཚུལ་དུ། མ་ཡིག་ནས་བསྒྱུར་བ་ཡིན་མིན་ཅི་རིགས་པའི་སྐད་རིགས་གཞན་གྱི་བརྩམས་ཆོས་ཀྱང་བོད་ཡིག་ལ་ཇེ་མང་དུ་འགྲོ་བཞིན་པ་འདྲ་ཞིག་ཏུ་སྣང་། བརྩམས་ཆོས་ཁག་ཅིག་ལ་བོད་འགྱུར་གཅིག་ཙམ་མ་ཡིན་པར་དུ་མ་བྱུང་བའི་སྣང་ཚུལ་ཡང་བྱུང་། བོད་ཡིག་གི་རྩོམ་རིག་བརྩམས་ཆོས་དག་ཕར་དབྱིན་ཡིག་དང་ཧྥ་རན་སྀའི་ཡི་གེ། ཉི་ཧོང་གི་ཡི་གེ་སོགས་སུ་བསྒྱུར་བའི་དཔེ་ཆ་དང་དུས་དེབ་ཁ་ཤས་ཀྱང་ལོ་ཤས་ནང་བསྟུད་མར་བྱུང་བས། རྩོམ་རིག་ལོ་ཙཱ་དང་ཤེས་རིག་འབྲེལ་འདྲིས་དོན་དུ་གཉེར་བའི“འཛམ་གླིང་རྩོམ་རིག”ཅེས་པ་ཞིག་གཞི་ནས་བོད་ལའང་བྱུང་གྲབས་འདུག་གོ་སྙམ་པ་ཞིག་ཤར། དེའི་ཁར་ད་ལྟའི་དུས་སུ་ཕྱི་རྒྱལ་གྱི་སྐད་རིགས་གཞན་དག་ཤེས་མཁན་ཅུང་ཟད་དཀོན་ནའང་། དབྱིན་ཡིག་ལ་སྦྱང་བ་ཐོབ་ནས་དབྱིན་བོད་ལོ་ཙཱའི་ལག་ལེན་བྱེད་ཐུབ་པའི་སློབ་ཕྲུག་དང་ཡོན་ཏན་པ་མང་ནས་མང་དུ་འགྲོ་བཞིན་པ་མཐོང་བས། མ་ཡིག་དབྱིན་ཡིག་ཡིན་པའི་བརྩམས་ཆོས་དག་དང་། དབྱིན་ཡིག་ཏུ་འགྱུར་ལེགས་པའི་སྐད་རིགས་གཞན་གྱི་བརྩམས་ཆོས་དག་དབྱིན་ཡིག་ལས་བོད་ཡིག་ཏུ་བསྒྱུར་ཆོག་པའི་དུས་ཤིག་ཤར་མི་འདུག་གམ་བསམས།  
     གཞི་འདི་ལ་དམིགས་ནས“འཛམ་གླིང་རྩོམ་རིག་རྩོམ་སྒྲིག་ཚོགས་ཆུང”བྱ་བ་ཡིས། དབྱིན་ཡིག་དང་བོད་ཡིག་བར་གྱི་ལོ་ཙཱ་གཙོ་བོར་བྱས་ཏེ། དེང་རབས་རྩོམ་རིག་གི་ལོ་ཙཱའི་ལོ་དེབ་འདི་འདྲ་ཞིག་བསྒྲིགས་པའི་ཁུལ་ཡིན་ལ། རྗེས་མ་ཡང་ལོ་རེ་རེ་ལ་དེབ་འདི་འདྲ་གཅིག་རེ་རང་རེའི་ཀློག་མཁན་ཀུན་གྱི་སྤྱན་སྔར་བསྟར་ཐུབ་པའི་རེ་བ་སྨོན་འདུན་ཆེ། དེ་ལ་མདོ་དབུས་ཁམས་གསུམ་གྱི་རྩོམ་མཁན་དང་ཀློག་མཁན་མང་པོའི་རོགས་རམ་རྒྱབ་སྐྱོར་མཁོ་བ་སྨྲས་མ་དགོས།
རྩོམ་སྒྲིག་ཚོགས་ཆུང་།
     དེབ་འདི་ནི་ལྡོང་བུ་དང་སྐྱབས་ཆེན་བདེ་གྲོལ་གཉིས་ཀྱིས་གཙོ་སྒྲིག་དང་། རེ་རྐང་གླིང་དང་ཁྲི་སེམས་དཔའ། བྱམས་ཕྲུག གཅན་མེ་ཏོག དཔལ་རྩལ། བུམ་པ་རྒྱལ། མ་སངས་མཁའ་འགྲོ། གཡུ་ཆུང་བཅས་ཀྱིས་རྩོམ་སྒྲིག་པ་མཛད་ནས“འཛམ་གླིང་རྩོམ་རིག”ཅེས་བྱ་བའི་རྩོམ་སྒྲིག་ཚོགས་ཆུང་ཞིག་བཙུགས་པ་ལས་བྱུང་།
མ་རྩོམ་གྱི་ཁུངས།
     དེབ་འདིར་དུས་རབས་ཉི་ཤུ་པའི་ལོ་རབས་ལྔ་བཅུ་པའི་རྗེས་ཀྱི་རྩོམ་རིག་བརྩམས་ཆོས་གྲགས་ཅན་རྐྱང་པ་བདམས་ཤིང་། རྒྱལ་ཁོངས་ཀྱི་ཆ་ནས་ཨ་མེ་རི་ཁ་དང་། དབྱིན་ཇི། སི་རི་ཡ། ཉི་ཧོང་། ཁན་ན་དྷ། ཧྥ་རན་སྀ། ཆེ་ཁྀ། ཨི་ཐ་ལི་སོགས་དུ་མ་ཡོད། དེབ་འདིར་བདམས་པའི་རྩོམ་ཡིག་མཐའ་དག་ད་ལྟའི་བར་བོད་ཡིག་ཏུ་ཧ་ལམ་བསྒྱུར་མེད་པས། འདི་ནི་སྐད་རིགས་གཞན་གྱི་བརྩམས་ཆོས་འདི་དག་ཐོག་དང་པོར་བོད་ཡིག་ཏུ་བསྒྱུར་བའི་དེབ་ཅིག་ཡིན།
ནང་དོན་མཚམས་སྦྱོར།
     དེབ་འདི་ལ་ཆེད་བསྒྲིགས་ཤིག་དང་། སྒྲུང་ཐུང་། སྙན་ངག་དང་གླུ་ཚིག དཔྱད་ཞིབ། བཅར་འདྲི་བཅས་ལེ་ཚན་ལྔ་ཡོད། དེའི་ནང་དུ་ཨ་མེ་རི་ཁའི་སྒྲུང་ཐུང་ཆེད་བསྒྲིགས་ཤིག་བཟོས་ཡོད། 《ཕ་རི་སྀ་བསྐྱར་ཞིབ》(The Paris Review)ལས་བཅར་འདྲི་གཉིས་ཁོལ་དུ་ཕྱུང་ནས་བསྒྱུར་ཅིང་། གླུ་ཚིག་ལ་དབྱིན་བོད་ཤན་སྦྱར་གྱིས་སྤེལ་ཡོད། དཔྱད་ཞིབ་དང་བཅར་འདྲི་ཚན་བཤུས་ཡིན་པ་དང་། ལེ་ཚན་སོ་སོར་བཀོད་པའི་བརྩམས་ཆོས་མཐའ་དག་རྩོམ་གང་དེ་ཐེངས་དང་པོར་སྤེལ་བའི་དུས་ཀྱི་སྔ་རྗེས་རིམ་པ་ལྟར་བསྒྲིགས་པ་ཡིན།
རྩོམ་པ་པོ། ལོ་ཙཱ་བ། ཞུས་ཆེན།
     དེབ་འདིའི་མ་རྩོམ་གྱི་རྩོམ་པ་པོ་ནི། Vladimir Nabokov, John Updike, Raymond Carver, Kazuo Ishiguro, Italo Calvino, Bob Dylan, Lydia Davis, Milan Kundera སོགས་དང་། ལོ་ཙཱ་བ་ནི་སྐྱབས་ཆེན་བདེ་གྲོལ་དང་། ལྡོང་བུ། གཡུ་ཆུང་། གཡང་མོ་མཚོ། གཅན་མེ་ཏོག བྱམས་ཕྲུག མི་ཉག་བཀྲ་བདེ་སོགས། ཞུས་ཆེན་ནི་དགེ་འདུན་རབ་གསལ་དང་། ཤར་གཞོན་ཚེ་རིང་ཟླ་བ། ཚེ་རིང་བསམ་འགྲུབ་སོགས་ཡིན་ནོ། །
སྐད་ཡིག་གི་ངོས་ནས།
     དེབ་འདིར་བཀོད་པའི་འགྱུར་ཡིག་ཕལ་མོ་ཆེའི་མ་ཡིག་དབྱིན་ཡིག་ཡིན་པ་དང་། མ་ཡིན་པ་དག་ཀྱང་རྩོམ་དེའི་དབྱིན་འགྱུར་མ་ཡག་ཤོས་ལ་བརྟེན་ནས་བོད་ཡིག་ཏུ་བསྒྱུར་ཡོད། རྒྱ་འགྱུར་མ་དུ་མ་དང་ཡང་བསྡུར་ཅིང་དཔྱད་པ་དང་། དབྱིན་ཡིག་མི་མཁྱེན་པའི་ལོ་ཙཱ་བ་ཁ་ཤས་ཀྱིས་རྒྱ་འགྱུར་མ་ལས་བསྒྱུར་བའི་རྗེས་སུ། ཞུས་ཆེན་ལོ་ཙཱ་བ་རྣམས་ཀྱིས་དབྱིན་ཡིག་དང་བསྡུར་བ་གང་ཞིབ་བྱས་ཡོད།   ཐ་ཉི་ཁ་ཝ·ཤུན་ཐ་རོ་ཡི་སྙན་ངག་གང་དེ་ལོ་ཙཱ་བས་ཐད་ཀར་ཉི་ཧོང་གི་སྐད་ལས་བསྒྱུར་བ་ཡིན།
ཕྱི་ནང་ཇུས་འགོད།
     དེབ་འདིའི་ནང་གི་ཇུས་འགོད་ནི་རྒྱ་ཡིག་གི་དཔར་མཚམས་བཞག་ཟིན་པའི་དུས་དེབ་གྲགས་ཅན《གནམ་ལྷོ》(《天南》)ཞེས་པ་ལ་དཔེ་ཅུང་ཟད་བལྟས་ནས་བཟོས། སྡོམ་བརྩོན་དམ་པའི་རི་མོ་རུ་ནེ་ཙོ་མགོ་གཉིས་ཀྱིས་རང་རེའི་དམ་ཆོས་བསྒྱུར་བའི་ངང་ཚུལ་ཉེ་བར་མཚོན་པས། འདིར་ནེ་ཙོ་དབུ་གཉིས་ཀྱི་རི་མོའམ logo གསར་པ་ཞིག་གིས་བོད་ཀྱི་དེང་རབས་རྩོམ་རིག་ལོ་ཙཱ་དང་རྩོམ་རིག་ལོ་ཙཱ་དེ་ལ་བརྟེན་པའི་ཤེས་རིག་ཕན་ཚུན་བར་གྱི་འབྲེལ་འདྲིས་མཚོན་པར་བྱས་ཡོད། དེབ་ཀྱི་རྒྱབ་ཤོག་སྟེང་གི་ཡི་གེའི་རི་རབ་ཀྱིས་ཀྱང་དེ་དེ་བཞིན་ནོ། །
ད་ལྟ་བའི་ལས་ཀ
     ད་ལྟ“འཛམ་གླིང་རྩོམ་རིག”ཅེས་བྱ་བའི་རྩོམ་སྒྲིག་ཚོགས་ཆུང་འདིས། འཛམ་གླིང་རྩོམ་རིག་དེབ་གཉིས་པའི་བསྒྱུར་གཞིའི་མ་རྩོམ་བདམས་ནས་ལོ་ཙཱ་བ་དག་ལ་བཀོད་སྒྲིག་བྱས་ཚར། དེབ་གཉིས་པ་སྤྱི་ལོ2020ལོ་ལ་དཔར་བསྐྲུན་བྱ་འཆར་ཡིན།
ལོ་ཙཱ་བ་དང་ཞུས་ཆེན་འཚོལ་བསྡུ།
     དེབ་འདི་ལ་རྩོམ་སྒྲིག་ཚོགས་མི་འདུས་པའི་ལོ་ཙཱ་བ་དང་ཞུས་ཆེན་ཁག་ཅིག་ཡོད་ནའང་། དབྱིན་བོད་སྐད་ཡིག་གཉིས་ལ་བྱང་ཆ་ཆེ་ཞིང་རྩོམ་རིག་གི་བློ་སྦྱོང་ཡོད་པར་མ་ཟད།  རྩོམ་རིག་ལོ་ཙཱ་ལ་མོས་པ་ཆེ་བའི་སྐད་གཉིས་ལོ་ཙཱ་བ་ད་དུང་ཉུང་ངུར་སྣང་བས་ན། འདིར་འཛམ་གླིང་རྩོམ་རིག་ལས་སྤྱིར་དབྱིན་བོད་ཀྱི་རྩོམ་རིག་ལོ་ཙཱ་ཐུབ་ཅིང་། དམིགས་བསལ་ཧྥ་རན་སྀ་དང་འཇར་མན་སོགས་སྐད་རིགས་གཞན་གྱི་ལམ་ནས་རྩོམ་རིག་བརྩམས་ཆོས་བོད་ཡིག་ཏུ་བསྒྱུར་ཐུབ་མཁན་མཆིས་ཚེ། རྩོམ་སྒྲིག་ཚོགས་ཆུང་འདིས་དགའ་བསུ་གང་ལེགས་ཀྱིས། དེབ་འདིའི་ལོ་ཙཱ་བའམ་ཞུས་ཆེན་དུ་གདན་འདྲེན་ཞུ་བ་ལགས་ན། དེ་དོན་ཁྱེད་ཅག་ཐུགས་ལ་འཇགས་པར་ཞུའོ།  །
འབྲེལ་བ་གནང་ཡུལ།
སྤྱི་སྟེགས:  World Literature
E-mail: vairochana@sina.com
 
 

འདི་རུ་དཔྱད་བརྗོད་འཇོག་པའམ་ཡང་ན་དཔྱད་བརྗོད་ལ་གཟིགས་ཆོག
དཔྱད་འཇོག་ཤོག་ངོས་ཕབ་བཞིན་པ།
正在加载评论列表...