སྡེབ་ངོས་རྩོམ་ཡིག་ཀློག་ཐབས།
དཀར་རིལ་མནན་ཏེ་རིགས་དབྱེ་ལ་ལྟ་བ།
《བོད་ཀྱི་གླིང་སྒྲུང་ཀུན་འདུས་ཆེན་མོ》འགྲེམ་སྤེལ་མཛད་སྒོ་བསྡུས་པ།
རྩོམ་པ་པོ། མི་གསལ། རྩོམ་སྒྲིག་པ། Lhamo དུས་ཚོད། 2019-7-31 14:36:00 རྩོམ་ཁུངས། ཀྲུང་དབྱང་རླུང་འཕྲིན། ཀློག་གྲངས།
     སྤྱི་ཟླ7པའི་ཚེས27ཉིན། 《བོད་ཀྱི་གླིང་སྒྲུང་ཀུན་འདུས་ཆེན་མོ》པོད(1-300)ཡི་ཐོག་མའི་འགྲེམ་སྤེལ་མཛད་སྒོ་དེ་གནའ་གྲོང་ཞི་ཨན་ཆུས་ཅང་རྒྱལ་སྤྱིའི་འགྲེམ་སྟོན་ལྟེ་གནས་སུ་གཟབ་རྒྱས་ངང་སྤེལ། རྒྱལ་ཁབ་ཀྱི་དམངས་ཨུ། རྒྱལ་ཡོངས་གྲངས་ཉུང་མི་རིགས་ཀྱི་དཔེ་རྙིང་བསྡུ་སྒྲིག་ཞིབ་འཇུག་ཁང་གི་ཀྲུའུ་རེན་ལི་ཞའོ་ཏུང་། ཀྲུང་གུང་སི་ཁྲོན་ཞིང་ཨུ་དྲིལ་བསྒྲགས་པུའུ་ཡི་པུའུ་ཀྲང་གཞོན་པ་ཀྲུའུ་ཆིང་། ཀྲུང་གོ་སྤྱི་ཚོགས་ཚན་རིག་གླིང་མི་རིགས་རྩོམ་རིག་ཞིབ་འཇུག་སུའོ་ཡི་ཞིབ་འཇུག་པ་དང་། གེ་སར་ཞིབ་འཇུག་ཆེད་མཁས་པ་འཇམ་དཔལ་རྒྱ་མཚོ། རྒྱལ་ཁབ་རིམ་པའི་དངོས་མིན་རིག་གནས་ཤུལ་བཞག་རྒྱུད་འཛིན་པ། གེ་སར་སྒྲུང་མཁན་ཨ་ཉིད་དང་དེ་མིན་རྣམ་གྲངས་སྒྲིག་ཨུ་སོགས་བསྡོམས་པས་སྐུ་མགྲོན་བརྒྱ་ལྷག་ཚོགས་འདུར་ཞུགས།
     ཐོག་མའི་འགྲེམ་སྤེལ་མཛད་སྒོའི་ཐོག ཨ་ཉིད་ཀྱིས་ཡུལ་དངོས་ནས་གེ་སར་སྒྲུང་ལས་ཕུལ་བྱུང་དོན་ཚན་ཞིག་བཤད་པ་དང་། རྣམ་གྲངས་སྒྲིག་ཨུའི་ཚབ་བྱེད་མི་སྣས་ཕྱོགས་གང་ཅིའི་ཐད་ནས《བོད་ཀྱི་གླིང་སྒྲུང་ཀུན་འདུས་ཆེན་མོ》ཡི་རྣམ་གྲངས་གནས་ཚུལ་ལ་མཚམས་སྦྱོར་བྱས་པ་རེད། གཙོ་སྒྲུབ་ལས་ཁུངས་ཀྱིས་ད་དུང་ཚོགས་ཞུགས་སྐུ་མགྲོན་རྣམས་ལ་རྣམ་གྲངས་ཀྱི་ཕུལ་བྱུང་པར་དེབ་གྲ་སྒྲིག་བྱས་འདུག
     《གླིང་སྒྲུང་ཀུན་འདུས་ཆེན་མོ》ཞེས་པ་འདི་ཉིད་བསྡུས་ནས་ལོ་ངོ་བཅུ་ལྷག་འདས་ཤིང་། ནང་གི་ལོ་རྒྱུས་སུ་བྱུང་བའི་གླིང་སྒྲུང་སྐོར་གྱི་ལག་བྲིས་སྣ་རིང་དང་། ཤིང་དཔར་སྣ་རིང་། གནའ་བོའི་ལྕགས་པར་མ། དེ་བཞིན་ཉེ་བའི་དུས་ཀྱི་བབས་སྒྲུང་གི་པར་གཞི་གསར་པ་སོགས་འདུས་པས། འཛམ་གླིང་སྟེང་ཤིན་ཏུ་རྩ་ཆེ་བའི་པར་གཞི་མང་པོ་ལྷན་དུ་ཐེངས་དང་པོར་དཔེ་སྐྲུན་བྱས་པ་ཡིན། འདི་ནི་གླིང་སྒྲུང་གི་པར་གཞི་སྣ་ཚོགས་འཐུས་ཚང་གི་སྒོ་ནས་པར་སྒྲིག་དང་། དཔེ་སྒྲིག །ཡང་ན་སྒྲུང་གསར་རྙིང་མཉམ་དུ་འཚོལ་སྒྲིག་བྱས་ཏེ། སྔ་ཕྱིའི་བྱུང་རིམ་ལྟར་གླིང་སྒྲུང་ལས་སྒྲུང་རྙིང་དང་བབས་སྒྲུང་། སྒྲུང་གསར་བཅས་ཀྱི་རིགས་གསུམ་དུ་བཀར་ཏེ་རེ་རེ་ནས་སྟོད་སྨད་བར་གསུམ་ཕྱེས་ཏེ་བསྡོམས་པའི་རིགས་སྣ་བདུན་ཡོད། དཔེ་ཚོགས་འདིའི་ནང་དོན་ཟབ་ཅིང་པར་སྒྲིག་སྤུས་ལེགས་ཅན་ཡིན་པར་མ་ཟད། སི་ཁྲོན་ཞིང་ཆེན་དངོས་མང་རྟེན་མཛོད་ཁང་གིས་ཉར་ཚགས་བྱས་པའི་གེ་སར་གྱི་ཐང་ག་དང་། བོད་ཀྱི་ལྷ་རིས་པ་གྲགས་ཅན་ལེགས་སྨོན་གྱིས་བྲིས་པའི་གེ་སར་གྱི་རི་མོ་བཅུ་གཉིས་ཀྱང་སྒྲུང་སྣ་རེ་རེའི་མགོ་ལ་བཞག་སྟེ་མཉམ་དུ་དཔེ་སྐྲུན་བྱས་ཡོད།
     སི་ཁྲོན་དཔེ་སྐྲུན་ཚོགས་པས་ཇུས་འགོད་དང་མ་དངུལ་གྱི་མཐུན་རྐྱེན་སྦྱར་ཞིང་། ཧི་མ་ལ་ཡའི་རིག་མཛོད་ཁང་གིས་འཚོལ་སྡུད་དང་ལེགས་སྒྲིག སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་དང་སི་ཁྲོན་མཛེས་རྩལ་དཔེ་སྐྲུན་ཁང་གཉིས་ཀྱིས་མཉམ་འབྲེལ་སྒོས་དཔེ་སྐྲུན་བྱས་པའི《བོད་ཀྱི་གླིང་སྒྲུང་ཀུན་འདུས་ཆེན་མོ》ནི་ལོ་རྒྱུས་ཐོག་ཆེས་འཐུས་སྒོ་ཚང་ཞིང་མ་ལག་ཚང་བའི་སྒོས་འཚོལ་སྡུད་དང་བཟོ་སྒྲིག པར་སྒྲིག དཔེ་སྐྲུན་བཅས་བྱས་པའི《གླིང་སྒྲུང》གི་རིག་གནས་རྣམ་གྲངས་ཤིག་སྟེ། བསྡོམས་པས་ཡིག་གྲངས་དུང་ཕྱུར1.3དང་། པོད300ཅན་གྱི་སྤུས་ལེགས་དཔེ་དེབ་ཅིག་ཏུ་མཉམ་སྒྲིག་བྱས་ཏེ། ད་ལྟའི་བར་དུ་ཆེས་ཆ་ཚང་བའི《གླིང་སྒྲུང》གི་བོད་ཡིག་རིག་མཛོད་དུ་གྱུར་ཡོད།
     སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་ཧྭ་མི་རིགས་ཀྱི་དཔལ་ཡོན་འཕེལ་རྒྱས་ཀྱི་ལོ་རྒྱུས་ངོས་ནས་གདེང་འཇོག་མཐོན་པོ་གནང་སྟེ། གེ་སར་སྒྲུང་ནི་མི་སེམས་ལ་མཚར་སྣང་བསྐྲུན་པའི་རླབས་ཆེན་གྱི་ལོ་རྒྱུས་སྙན་རྩོམ་ཞིག་ཡིན་ཞེས་གསུངས་པ་ལྟར། གེ་སར་སྒྲུང་གསར་གཏོད་དང་རྒྱུད་འཛིན་དར་སྤེལ་བྱས་པ་ནི་བོད་མི་རིགས་ཀྱི་གཟི་བརྗིད་ཅིག་ཡིན་པར་མ་ཟད། ཀྲུང་ཧྭ་མི་རིགས་ཀྱི་ང་རྒྱལ་དང་མིའི་རིགས་ཀྱི་ལོ་རྒྱུས་སྟེང་གྲུབ་འབྲས་ཕུན་སུམ་ཚོགས་པའི་སྒྱུ་རྩལ་གྱི་དཔེ་མཛོད་ཆེན་མོ་ཞིག་རེད་ཅེས་ཀྱང་སྨོས་ཆོག་ཆོག་ཡིན།

འདི་རུ་དཔྱད་བརྗོད་འཇོག་པའམ་ཡང་ན་དཔྱད་བརྗོད་ལ་གཟིགས་ཆོག
དཔྱད་འཇོག་ཤོག་ངོས་ཕབ་བཞིན་པ།
正在加载评论列表...