སྡེབ་ངོས་རྩོམ་ཡིག་ཀློག་ཐབས།
དཀར་རིལ་མནན་ཏེ་རིགས་དབྱེ་ལ་ལྟ་བ།
2019ལོའི་མཚོ་སྔོན་པོ་རྒྱལ་སྤྱིའི་སྙན་ངག་དུས་ཆེན་མཚོ་བྱང་དུ་བསྡུས་པ།
རྩོམ་པ་པོ། མི་གསལ། རྩོམ་སྒྲིག་པ། Lhamo དུས་ཚོད། 2019-8-5 11:49:00 རྩོམ་ཁུངས། ཨ་མདོ་སྨྱན་གསར། ཀློག་གྲངས།
     སྤྱི་ཟླ8པའི་ཚེས3ཉིན། མཚོ་བྱང་ཁུལ་མི་དམངས་སྲིད་གཞུང་དང་། ཀྲུང་གོའི་རྩོམ་པ་པོའི་མཐུན་ཚོགས་ཀྱི《སྙན་ངག་དུས་དེབ》ཁང་། མཚོ་སྔོན་ཞིང་ཆེན་རྩོམ་པ་པོའི་མཐུན་ཚོགས་བཅས་ཀྱིས་གཙོ་སྒྲུབ་བྱས་ཤིང་། རྒྱལ་སྤྱིའི་སྙན་ངག་དང་ཨ་རག་རིག་གནས་ཚོགས་ཆེན་དང་ཀྲུང་གོའི་སྙན་ངག་དྲ་བ། མཚོ་བྱང་ཁུལ་རྩོམ་རིག་སྒྱུ་རྩལ་མཉམ་འབྲེལ་ལྷན་ཚོགས། མཚོ་བྱང་མདའ་བཞི་ཚོ་བ་གནས་སྐོར་ཐོན་ལས་ཚད་ཡོད་ཀུང་སི་བཅས་ཀྱིས་སྒྲུབ་འགན་འཁུར་བའི2019ལོའི་མཚོ་སྔོན་པོ་རྒྱལ་སྤྱིའི་སྙན་ངག་དུས་ཆེན་དང་མཚོ་སྔོན་རྒྱལ་སྤྱིའི་སྦྲ་ནང་སྙན་ངག་པའི་ཚོགས་འདུ་གསེར་དངུལ་རྩྭ་ཐང་ནས་གཟབ་རྒྱས་ངང་འཚོགས།
     ཨ་རི་དང་དབྱི་ཐ་ལི། ཕོ་ལན། ཡ་མེ་ཉི་ཡ། ཨ་ཁྭ་ཏོར་སོགས་རྒྱལ་ཁབ་ནས་ཡོང་བའི་རྒྱལ་སྤྱིའི་སྙན་ངག་པ11དང་དེ་བཞིན་རྒྱལ་ནང་གི་སྙན་ངག་པ་དང་། ལོ་ཙཱ་བ། ཤེས་ལྡན་པ་བཅས་མི100ལྷག་གསེར་དངུལ་རྩྭ་ཐང་དུ་སླར་ཡང་འཛོམས་ནས་བོད་མཁར་རྐང་ཚ་དང་མདའ་བཞི་ཚོ་བ་རུ་མཚོ་སྔོན་ས་མཐོའི་མཛེས་པ་ལོངས་སུ་སྤྱོད་བཞིན་སྙན་ངག་གི་རྣམ་པའི་ཐོག་ནས་ཀྲུང་གོ་དང་ཕྱི་རྒྱལ་གྱི་རིག་གནས་སྤེལ་རེས་ཀྱི་སྟོན་མོ་གཟབ་རྒྱས་ཤིག་བཤམས་པ་རེད།
     མཚོ་སྔོན་པོ་རྒྱལ་སྤྱིའི་སྙན་ངག་དུས་ཆེན་གྱི་རྩ་འཛུགས་ཨུ་ལྷན་གྱི་ཀྲུའུ་ཞིའམ་ཀྲུང་གོའི་རྩོམ་པ་པོའི་མཐུན་ཚོགས་ཀྱི་ཀྲུའུ་ཞི་གཞོན་པ། ཧྲུའུ་ཅི་ཁྲུའུ་ཡི་ཧྲུའུ་ཅི་ཅི་ཏིས་མ་ཅ། མཚོ་སྔོན་པོ་རྒྱལ་སྤྱིའི་སྙན་ངག་དུས་ཆེན་གྱི་རྩ་འཛུགས་ཨུ་ལྷན་གྱི་ཀྲུའུ་ཞི་གཞོན་པའམ་ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ལྷན་གྱི་ཀྲུའུ་རིན་གཞོན་པ། མཚོ་བྱང་ཁུལ་ཨུའི་ཧྲུའུ་ཅི་ཉི་མ་སྒྲོལ་མ། མཚོ་སྔོན་ཞིང་ཆེན་གྱི་ཧྲིན་ཀྲང་གཞོན་པ་དབྱང་ཧྥིན་ཁྲོན། ཞིང་ཆེན་ཏང་ཨུའི་དྲིལ་བསྒྲགས་པུའུ་ཡི་པུའུ་ཀྲང་གཞོན་པ་སུང་ཅང་ཐའོ། ཞིང་ཆེན་བརྙན་འཕྲིན་ལས་ཁུངས་ཀྱི་ཏང་ཙུའུ་ཧྲུའུ་ཅིའམ་ཐེ་ཀྲང་ཀྲོའུ་ཞན་ཨན། ཞིང་ཆེན་རིག་གནས་གནས་སྐོར་ཐིན་གྱི་སྐོར་བསྐྱོད་གཞོན་པ་ཧྥང་མིན། ཀྲུང་གོའི་རྩོམ་པ་པོའི་མཐུན་ཚོགས་ཀྱི《སྙན་ངག་དུས་དེབ》ཀྱི་གཙོ་སྒྲིག་པ་ལི་ཧྲའོ་ཅུན། མཚོ་སྔོན་ཞིང་ཆེན་རྩོམ་རིག་སྒྱུ་རྩལ་ལས་རིགས་མཉམ་འབྲེལ་ལྷན་ཚོགས་ཀྱི་ཏང་ཙུའུ་ཧྲུའུ་ཅིའམ་ཀྲུའུ་ཞི་པད་གོ། མཚོ་སྔོན་ཞིང་ཆེན་རྩོམ་རིག་སྒྱུ་རྩལ་ལས་རིགས་མཉམ་འབྲེལ་ལྷན་ཚོགས་ཀྱི་ཀྲུའུ་ཞི་གཞོན་པའམ་རྩོམ་པ་པོའི་མཐུན་ཚོགས་ཀྱི་ཀྲུའུ་ཞི་མེ་སྒྲོན། རྒྱལ་སྤྱིའི་སྙན་ངག་དང་ཨ་རག་རིག་གནས་ཚོགས་ཆེན་གྱི་དྲུང་ཡིག་ཆེན་མོ་ཝང་ཧུང་པོ་བཅས་མགོ་རྩོམ་མཛད་སྒོར་ཞུགས་ཡོད།
     ཅི་ཏིས་མ་ཅས་བཤད་རྒྱུར།  2007ལོར་མགོ་ཚུགས་པའི་མཚོ་སྔོན་པོ་རྒྱལ་སྤྱིའི་སྙན་ངག་དུས་ཆེན་དང་རྗེས་སུ་བཏོན་པའི་མཚོ་སྔོན་རྒྱལ་སྤྱིའི་སྙན་ངག་པའི་སྦྲ་ནང་ཚོགས་འདུས་དུས་དང་རྣམ་པ་ཀུན་ཏུ་མི་རིགས་མི་འདྲ་བ་དང་། རྒྱལ་ཁབ་མི་འདྲ་བ། རིག་གནས་རྒྱབ་ལྗོངས་མི་འདྲ་བ་བཅས་ཀྱི་སྙན་ངག་པའི་དབར་གྱི་འབྲེལ་གཏུག་དང་སྤེལ་རེས་ལ་ཤུགས་སྣོན་དང་སྐུལ་འདེད་གཏོང་རྒྱུ་དམིགས་ཡུལ་གཙོ་བོར་བརྩིས་ནས། མཚོ་སྔོན་པོ་རྒྱལ་སྤྱིའི་སྙན་ངག་དུས་ཆེན་ནི་འཛམ་གླིང་ལ་ཤུགས་རྐྱེན་ཐེབས་པའི་རྒྱལ་སྤྱིའི་སྙན་ངག་གི་ཚོགས་འདུ་ཞིག་ཡིན་པའི་ངོས་ནས་བརྗོད་ན། དེར་དཀྱིལ་ཡངས་རང་བཞིན་དང་སྒོ་དབྱེའི་རང་བཞིན་ལྡན་པས། འཛམ་གླིང་ས་གནས་ཁག་ནས་ཡོང་བའི་སྙན་ངག་པ་དང་གྲོགས་པོ་ཚོར་བག་ཆགས་ཟབ་མོ་བཞག་པ་དང་ཆབས་ཅིག མཚོ་སྔོན་པོ་རྒྱལ་སྤྱིའི་སྙན་ངག་དུས་ཆེན་ཡང་སྙན་ངག་གི་ལྷད་མེད་དང་། སྣ་མང་། ཕན་ཚུན་བརྩི་འཇོག་བཅས་ཀྱི་རྐྱེན་གྱིས་སྙན་ངག་མཁས་ཅན་ཚོ་བསམ་བློ་བརྗེ་རེས་བྱེད་ཐུབ་ངེས་པའི་གོ་སྐབས་བསྐྲུན་ཡོད། འདས་པའི་ལོ་བཅུ་ལྷག་གི་དུས་ཚོད་ནང་། མཚོ་སྔོན་པོ་རྒྱལ་སྤྱིའི་སྙན་ངག་དུས་ཆེན་དེ་རྒྱལ་ཁབ་ཕྱི་ནང་གི་སྙན་ངག་པས་ཀྲུང་གོའི་རྒྱལ་སྤྱིའི་སྙན་ངག་སྤེལ་རེས་ཀྱི་མཚོན་རྟགས་དང་སྟེགས་བུ་རུ་བརྩི་བཞིན་ཡོད་ཟེར།
     ཉི་མ་སྒྲོལ་མས་ཤིས་ཚིག་ལས་བསྟན་དོན། མཚོ་སྔོན་པོ་རྒྱལ་སྤྱིའི་སྙན་ངག་དུས་ཆེན་གྱིས་རིག་གནས་ལས་བརྒལ་བའི་རྒྱལ་སྤྱིའི་མིག་རྒྱང་ལ་གཞོལ་ནས། རྒྱུན་ཆད་མེད་པར་སྙན་ངག་པའི་མཐོང་རྒྱ་ཆེ་རུ་གཏོང་བ་དང་། མི་སེམས་ལ་ལྷུང་བའི་སྐད་ཆ་འཚོལ་ཞིབ་དང་གསར་གཏོད་བྱས་ཏེ། ཤ་མདོག་མི་འདྲ་བ་དང་། རིག་གནས་མི་འདྲ་བ། སྐད་ཆ་མི་འདྲ་བ་བཅས་ཀྱི་སྙན་ངག་པར་སེམས་པ་སྤེལ་རེས་ཀྱི་འབྲེལ་ཟམ་བཙུགས། ཀྲུང་ཕྱིའི་སྙན་ངག་དར་རྒྱས་ཡོང་ཆེད་གོ་སྐབས་གསར་པ་སྐྲུན་ནས་དཔལ་ཡོན་མི་འདྲ་བ་མཉམ་གནས་དང་ཕན་ཚུན་གདོང་ཐུག་དང་སྣ་མང་རིག་གནས་སྤེལ་རེས་དང་མཉམ་འདྲེས་ཡོང་ཡོད་ཅེས་བཤད།

འདི་རུ་དཔྱད་བརྗོད་འཇོག་པའམ་ཡང་ན་དཔྱད་བརྗོད་ལ་གཟིགས་ཆོག
དཔྱད་འཇོག་ཤོག་ངོས་ཕབ་བཞིན་པ།
正在加载评论列表...