སྡེབ་ངོས་རྩོམ་ཡིག་ཀློག་ཐབས།
དཀར་རིལ་མནན་ཏེ་རིགས་དབྱེ་ལ་ལྟ་བ།
《སྦྲང་ཆར》ཀྲུང་གོ་གསར་བ་བཙུགས་ནས་ལོ་འཁོར70ལོན་པའི་ཕུལ་བྱུང་དུས་དེབ་འགྲེམ་སྟོན་དུ་ཚུད།
རྩོམ་པ་པོ། མི་གསལ། རྩོམ་སྒྲིག་པ། Lhamo དུས་ཚོད། 2019-9-12 14:53:00 རྩོམ་ཁུངས། སྦྲང་ཆར། ཀློག་གྲངས།
     ཀྲུང་དབྱང་དྲིལ་བསྒྲགས་པུའུ་དང་པེ་ཅིན་གྲོང་ཁྱེར་མི་དམངས་སྲིད་གཞུང་གིས་གཙོ་སྒྲུབ་དང་། ཀྲུང་གོའི་དཔེ་དེབ་ཕྱིར་འཚོང་ནང་འདྲེན་སྤྱིའི་ཀུང་ཟིས་འགན་སྒྲུབ་བྱས་པའི་སྐབས་ཉེར་དྲུག་པའི་པེ་ཅིན་རྒྱལ་སྤྱི་དཔེ་དེབ་འགྲེམ་སྟོན་དེ། 2019ལོའི་ཟླ8པའི་ཚེས21ནས25བར་ཀྲུང་གོའི་རྒྱལ་སྤྱི་འགྲེམ་སྟོན་ལྟེ་གནས་ཀྱི་འགྲེམ་ཁང་གསར་བ་ནས་འགྲེམ་སྟོན་བྱས། ཐེངས་འདིའི་འགྲེམ་སྟོན་ལ་རྒྱལ་ཁབ་དང་ས་ཁུལ95ནས་ཡོང་བའི་འགྲེམ་སྟོན་བྱེད་མཁན2600 ལྷག་ཞུགས། “ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ནས་ལོ70འཁོར་བར་རྟེན་འབྲེལ་ཞུ་བའི་ཕུལ་བྱུང་དུས་དེབ་འགྲེམ་སྟོན”ནི། སྐབས་ཉེར་དྲུག་པའི་པེ་ཅིན་རྒྱལ་སྤྱི་དཔེ་དེབ་འགྲེམ་སྟོན་ཁྲོད་ཀྱི་འགྲེམ་སྟོན་དོན་ཚན་གཙོ་བོ་ཞིག་ཡིན་པས། ཀྲུང་གོའི་རྒྱལ་སྤྱི་འགྲེམ་སྟོན་ལྟེ་གནས་སུ་འགྲེམ་སྟོན་བྱས་ལ། མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་གི་དུས་དེབ《སྦྲང་ཆར》ཡང་ཐེངས་འདིའི་འགྲེམ་སྟོན་གྱི་གྲས་སུ་ཚུད་པ་སྟེ། འདི་ནི་མཚོ་སྔོན་ཞིང་ཆེན་གྱི་བོད་རྒྱ་ཡིག་རིགས་གཉིས་ཀྱི་དུས་དེབ་ཁྲོད་ནས་ཐེངས་འདིའི་འགྲེམ་སྟོན་ནང་ཚུད་པའི་དུས་དེབ་གཅིག་པུ་ཡིན།
     《སྦྲང་ཆར》རྩོམ་སྒྲིག་ཁང་གིས་དུས་དེབ་འདི་གསར་སྤེལ་བྱས་པ་ནས་བཟུང་། ཐོག་མཐའ་བར་གསུམ་དུ“མི་དམངས་དཀྱིལ་སྙིང་དུ་འཛིན་པ”ཡི་རྩ་དོན་རྒྱུན་འཁྱོངས་སྒོས། མཚོ་སྔོན་ལ་རྐང་བཙུགས་ཏེ་བོད་ཁུལ་དུ་ཁ་ཕྱོགས་པ་དང་། དངོས་ཡོད་འཚོ་བ་དང་དུས་རབས་ཀྱི་སྙིང་སྟོབས་མཚོན་པའི་རྩོམ་རིག་བརྩམས་ཆོས་སྟོང་ཕྲག་འགའ་སྤེལ་པར་མ་ཟད། ཀྲུང་གོའི་གྲངས་ཉུང་མི་རིགས་ཀྱི་ཆེས་མཐོ་བའི་རྩོམ་རིག་བྱ་དགའ་སྟེ“རྟ་མཆོག་བྱ་དགའ”ཐོབ་མཁན་འདུས་པའི་རྩོམ་པ་པོའང་སྐོར་ཞིག་སྐྱེད་སྲིང་བྱས་པ་བརྒྱུད། རང་ཞིང་དང་ཐ་ན་བོད་ཁུལ་གྱི་རིག་གནས་དྲིལ་སྒྲོག་བྱ་བ་དང་བསམ་པའི་དཔལ་ཡོན་འཛུགས་སྐྲུན་ཐད་བྱས་རྗེས་བླ་ན་མེད་པ་བཞག་པས། སྔ་ཕྱིར་གསར་འགྱུར་དཔེ་སྐྲུན་སྤྱི་ཁྱབ་ཧྲུའུ་ཡི“ཕན་ཡོན་ཟུང་ལྡན”གྱི་དུས་དེབ་དང་། རྒྱལ་ཁབ་དུས་དེབ་བྱ་དགའ་ལས“གཙོ་ཆེའི་དུས་དེབ་སྣ་བརྒྱའི་གྲས།” “ཀྲུང་གོའི་བྱང་ཕྱོགས་ཕུལ་བཅུའི་དུས་དེབ།”“རྒྱལ་ཁབ་བཙུགས་ནས་ལོ་ངོ་དྲུག་ཅུའི་རིང་ཤུགས་རྐྱེན་ཆེས་ཆེ་བའི་དུས་དེབ”སོགས་ཀྱི་མཚན་སྙན་བླངས་པ་ལས་གཞན། 2018ལོར་མཚོ་སྔོན་གྱི་དུས་དེབ་སྤུས་ཀའི་ཚད་འཇལ་ཁྲོད་ཨང་དང་པོ་དང“མཚོ་སྔོན་གྱི་ཆེས་མཛེས་པའི་དུས་དེབ”སོགས་ཀྱི་བྱ་དགའ་ཡང་བླངས་ཡོད་དོ།།
     དུས་རབས་གསར་བར་དུས་རབས་དང་མཐུན་པའི་རྣམ་པ་གསར་བ་ཡོད་དགོས་ལ། སྒྲུབ་སྟངས་གསར་བའང་ཡོད་དགོས་པས། 《སྦྲང་ཆར》རྩོམ་སྒྲིག་ཁང་གིས་ཀྱང་ཞིང་ཆེན་དྲིལ་བསྒྲགས་པུའུ་ཡི་ཡང་དག་པའི་མགོ་ཁྲིད་འོག དུས་དེབ་སྒྲུབ་པའི་སེམས་འདུན་ཡིད་ལ་དམ་པོར་བཅངས་ཐོག རྩོམ་རིག་གི་འགན་འཁྲི་ཕྲག་ཏུ་བླངས་ཏེ། རྒྱ་ཆེ་བའི་རྩོམ་པ་པོ་དག་ལ་ལམ་སྟོན་དང་མཐུན་སྒྲིལ་བྱས་ཤིང་། མང་ཚོགས་དང་འཚོ་བར་ཁ་མ་བྲལ་བའི་རྩོམ་རིག་བརྩམས་ཆོས་བརྒྱུད་དེ་བདེན་དགེ་མཛེས་གསུམ་དང་། ཡ་རབས་ཚུལ་མཐུན་གྱི་སྤྱོད་བཟང་འདོན་སྤེལ་བྱས་ནས་ཀློག་པ་པོ་རྣམས་ལ་ཚུགས་ཐུབ་དང་སྤྱོད་ལེགས། བརྩེ་སེམས་ཀྱིས་ཕྱུག་པའི་བསམ་པའི་ལོངས་སྤྱོད་ཀྱི་རྒྱགས་ཕྱེ་སྤྲོད་པ་དང་། རང་རྟོགས་སྒོས“དར་ཆ་སྒྲེང་བ་དང། དམངས་སེམས་སྡུད་པ། མི་གསར་སྐྱོང་བ། རིག་གནས་དར་བ། སྣང་བརྙན་སྟོན་པ”བཅས་དུས་རབས་ཀྱི་འགན་འཁྲི་ཐེག་པར་བྱས་ཏེ། ཕུལ་བྱུང་དུས་དེབ་བསྒྲུབས་ནས་བོད་ཀྱི་རྩོམ་རིག་ལས་དོན་འཕེལ་རྒྱས་སུ་གཏོང་བར་བྱས་རྗེས་གསར་བ་བཞག་དང་འཇོག་བཞིན་ནོ།།

འདི་རུ་དཔྱད་བརྗོད་འཇོག་པའམ་ཡང་ན་དཔྱད་བརྗོད་ལ་གཟིགས་ཆོག
དཔྱད་འཇོག་ཤོག་ངོས་ཕབ་བཞིན་པ།
正在加载评论列表...