སྡེབ་ངོས་རྩོམ་ཡིག་ཀློག་ཐབས།
དཀར་རིལ་མནན་ཏེ་རིགས་དབྱེ་ལ་ལྟ་བ།
ཡོངས་འཛིན་གཏག་ཐབས་པར་གཞིV1.0.3དངོས་སུ་འདོན་སྤེལ་བྱས་ཏེ་མེས་རྒྱལ་གྱི་འཁྲུངས་སྐར70ལ་ལེགས་སྐྱེས་སུ་ཕུལ།
རྩོམ་པ་པོ། ཡོངས་འཛིན་འཚོལ་བཤེར། རྩོམ་སྒྲིག་པ། Lhamo དུས་ཚོད། 2019-9-30 9:11:00 རྩོམ་ཁུངས། མཚོ་སྔོན་པོ་དྲ་བ། ཀློག་གྲངས།
 
ཡོངས་འཛིན་གཏག་ཐབས་པར་གཞིV1.0.3དངོས་སུ་འདོན་སྤེལ་བྱས་ཏེ་མེས་རྒྱལ་གྱི་འཁྲུངས་སྐར70ལ་ལེགས་སྐྱེས་སུ་ཕུལ།
     ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་བཙུགས་ནས་ལོ་འཁོར70ལོན་པར་མཉམ་དུ་རྟེན་འབྲེལ་ཞུ་བའི་བཀྲ་ཤིས་དུས་བཟང་ལ། ཡོངས་འཛིན་དཔུང་སྡེ་ཡིས་སེམས་ཤུགས་གཅིག་སྒྲིལ་གྱིས་མེས་རྒྱལ་གྱི་འཁྲུངས་སྐར70ལ་ཆེད་དུ་ཡོངས་འཛིན་གཏག་ཐབས་འདོན་སྤེལ་བྱས་ཏེ་ལེགས་སྐྱེས་སུ་ཕུལ་ནས། རྒྱ་ཆེའི་སྤྱོད་མཁན་རྣམས་དང་མཉམ་དུ་དུས་སྟོན་ཆེན་མོར་རོལ་བར་བྱ། 
     ཡོངས་འཛིན་གཏག་ཐབས་ནི་མཚོ་སྔོན་ཞིང་ཆེན་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་བོད་ཡིག་ཆ་འཕྲིན་ལག་རྩལ་ཞིབ་འཇུག་ལྟེ་གནས་ཀྱིས་འདོན་སྤེལ་བྱས་ཤིང་། ཟླ9པའི་ཚེས30ཉིན་ནས་ཨན་ཀྲའོ་ཉེར་མཁོའི་མཉེན་ཆས་ཚོང་རར་དངོས་སུ་བཀྲམ།
     ཡོངས་འཛིན་གཏག་ཐབས་ནི་སྐད་རིགས་སྣ་མང་བའི་གཏག་ཐབས་ཤིག་ཡིན་ཏེ། བོད་རྒྱ་དབྱིན་བཅས་ཡིག་རིགས་གསུམ་གཏག་ཐུབ། དེའི་ཁྲོད་བོད་ཡིག་གཏག་ཐབས་སུ་རྗེས་དཔོག་གཏག་ཐབས་དང་། གཏག་ནོར་རང་བཅོས། བརྩེགས་འདོགས་རང་སྦྱོར་སོགས་ཀྱི་བྱེད་ནུས་ལྡན་ཞིང་། ཡིག་མཛོད་རྒྱ་ཆེན་པོ་རྟེན་གཞི་རུ་བྱས་པས་ཡི་གེའི་གཏག་འཇུག་ཡང་དག་ཅིང་སྟབས་བདེ་པོ་འདུག མི་རིགས་ཀྱི་ཁྱད་ཆོས་ལྡན་པའི་གདོང་རིས་སྣ་ཚོགས་རང་མོས་སྒོས་བསྒྱུར་ཐུབ་པར་མ་ཟད། བོད་ཡིག་གི་ཡིག་གཟུགས་སྣ་ཚོགས་གང་འདོད་སྒོས་བརྗེ་བསྒྱུར་བྱེད་ཐུབ་པས་སྒེར་གཤིས་ཅན་གྱི་སྒྲིག་བཀོད་བྱེད་ནུས་ལྡན། བོད་རྒྱ་དབྱིན་བཅས་ཡིག་རིགས་གསུམ་གྱི་གཏག་ཐབས་མཁོ་བའི་སྤྱོད་མཁན་གྱིས་ཡོངས་འཛིན་གཏག་ཐབས་ནང་འཇུག་བྱས་པ་ལས་ཡིག་རིགས་དེ་གསུམ་ག་གཏག་ཐུབ་པས། ཡང་ནས་བསྐྱར་དུ་གཏག་ཐབས་སྣ་ཚོགས་ནང་འཇུག་བྱེད་པའི་ངལ་བ་བྱེད་མི་དགོས་ལ། ཡིག་རིགས་སྣ་ཚོགས་ལེགས་པོར་གཏག་ཐུབ་པའི་མཚུངས་སུ་མི་རིགས་ཀྱི་ཁྱད་ཆོས་ལྡན་པའི་རིག་གནས་ཀྱང་མྱོང་ཐུབ། 
     ཡོངས་འཛིན་གཏག་ཐབས་ཁྲོད་ཀྱི་རྒྱ་ཡིག་ནི་སྲོལ་རྒྱུན་གྱི་མཐེབ་གནོན9དང་མཐེབ་གནོན26གིས་གཏག་འཇུག་བྱེད་པའི་རྣམ་པ་རྒྱུན་བསྐྱངས་པའི་ཁར། ལག་བྲིས་དང་སྐད་གདངས་ལས་ནང་འཇུག་བྱེད་པའི་རྣམ་པ་གཉིས་འདུས། དབྱིན་ཡིག་ནི་མཐེབ་གནོན26ལས་གཏག་ཆོག་ལ་སྐད་གདངས་ལས་ནང་འཇུག་བྱས་པས་ཀྱང་ཆོག  ཡིག་རིགས་དེ་གཉིས་ཀའི་སྐད་གདངས་ལས་ནང་འཇུག་གི་ངོས་འཛིན་ཐུབ་ཚད་མགྱོགས་ཀྱང་སྟབས་བདེ་པོ་འདུག
     ཡོངས་འཛིན་གཏག་ཐབས་ཀྱི་བོད་རྒྱ་དབྱིན་བཅས་ཡིག་རིགས་གསུམ་ངོས་གཅིག་ནས་གང་བདེར་བརྗེ་བསྒྱུར་ཐུབ་ཅིང་ཡིག་རིགས་མི་གཅིག་པའང་མཉམ་བསྲེས་སྒོས་གཏག་འཇུག་ཐུབ་པས། ཡི་གེ་གཏག་འཇུག་གི་ལས་ཕྱོད་མཐོ་རུ་ཕྱིན། སྒོས་སུ་བོད་ཡིག་གཏག་འཇུག་ཏུ་སྤྲིན་རྩིས་དང་། རྩོལ་བྱུང་གི་རིག་སྟོབས་སོགས་སྔོན་ཐོན་ལག་རྩལ་སྤྱད་ཡོད་པར་མ་ཟད། གཏིང་མཐའ་མེད་པའི་བོད་ཡིག་ཡིག་མཛོད་དང་ཟུང་དུ་སྦྲེལ་ནས་མང་སྤྱོད་ཐ་སྙད་སྔོན་འཆར་དང་སྐབས་ཐོག་ཚིག་གྲོགས་སྦྱོར་བ། རྗེས་དཔོག་གཏག་ཐབས། གཏག་ནོར་རང་བཅོས་སོགས་ཀྱི་བྱེད་ནུས་ལྡན་པས། སྤྱོད་མཁན་གྱི་གཏག་འཇུག་ལ་སྟབས་བདེ་དང་དགེ་མཚན་གང་ལེགས་བསྐྲུན་ཡོད། དེར་མ་ཟད་བོད་ཡིག་རྟགས་རིས་མཐེབ་གཞོང་དུUnicodeསྒྲིག་ཨང་ཁྲོད་ཀྱི་བོད་ཡིག་དང་ལེགས་སྦྱར་གྱི་རྟགས་རིས་མཐའ་དག་བཞག་ཡོད། 
 
     དྲ་རྒྱའི་ཆ་འཕྲིན་ཅན་མུ་མཐུད་དུ་འཕེལ་རྒྱས་ཕྱིན་པ་དང་བསྟུན་ནས་ཡོངས་འཛིན་གཏག་ཐབས་ཀྱིས་སྤྱོད་མཁན་གྱི་མཁོ་འདོད་ལྟར་ལག་རྩལ་གསར་བསྒྱུར་དང་བྱེད་ནུས་ཇེ་ལེགས་སུ་བཏང་སྟེ་བོད་ཡིག་གི་སྐད་གདངས་ལས་ནང་འཇུག་བྱེད་པ་དང་། ལག་བྲིས། བཟོ་ལྟའི་ནང་འཇུག་བཅས་མངོན་འགྱུར་འབྱུང་བར་ཧུར་བརྩོན་བྱས་ནས་སྔར་ལས་ཀྱང་རིག་སྟོབས་ལྡན་པའི་བྱེད་ནུས་གསར་བསྐྲུན་བྱ་ངེས།
     ཡོངས་འཛིན་གཏག་ཐབས་ཀྱིས་LSTMགཏིང་ཆོད་སློབ་སྦྱོང་ལག་རྩལ་སྤྱད་ནས་བོད་ཡིག་གི་སྐད་བརྡའི་དཔེ་དབྱིབས་ཐོག་མར་བསྐྲུན་པས། གཏིང་ཆོད་སློབ་སྦྱོང་གི་ནུས་པ་དང་སྐད་བརྡའི་དཔེ་དབྱིབས་ཡངས་བསྐྱེད་ཀྱི་ནུས་པ་འབུར་དུ་ཐོན།བཀའ་བསྟན་འགྱུར་དང་གསར་འགྱུར་གྱི་སྐད་བརྡའི་རྒྱུ་ཆ་སྤྱད་དེ་མིང་རྐྱང313488དང་ཚིག་དུམ821865བཅས་རིམ་པ་ས་ཡ་ཅན་གྱི་མིང་མཛོད་ལེགས་སྒྲིག་བྱས། སྤྱོད་མཁན་གྱི་ཚིག་དུམ་རང་ཉར་ཐུབ་ཅིང་འདེམ་སྒྲིག་སྔར་ལས་རིག་སྟོབས་ཅན་དུ་བསྒྱུར་ཡོད། བོད་ཡིག་རང་བཅོས་ཐུབ་སྟེ། FSTཡི་ལག་རྩལ་སྤྱད་ཅིང་རྣམ་པ་ལྡང་བསྒྱུར་ཐུབ་པར་བརྟེན་ནས་སྤྱོད་མཁན་གྱི་གཏག་ནོར་ཤོར་བ་དང་ཡིག་ནོར་བྱུང་བ་དག་བཅོས་ཐུབ་པས། ཡིག་འབྲུ་རེ་རེ་བཞིན་དེད་ནས་གཏག་པའི་ཚེགས་མྱོང་མི་དགོས་ལ། ཡིག་ནོར་ཤོར་ཡང་དུས་ཐོག་ཏུ་དག་བཅོས་ཐུབ་བོ། །
     ཡོངས་འཛིན་གཏག་ཐབས་ལ་གཤམ་གྱི་ཁྱད་ཆོས་འགའ་ལྡན་དེ། 
     [གཏག་འཇུག་ལ་རིག་སྟོབས་ལྡན་པ] རྩོལ་བྱུང་གི་རིག་སྟོབས་ལྡན་པའི་མ་ལག་སྟེ། བོད་ཡིག་གཏག་ནོར་རང་བཅོས་དང་རྗེས་དཔོག བརྩེགས་འདོགས་རང་སྦྱོར་སོགས་ཀྱི་བྱེད་ནུས་ལྡན་པས། མཐེབ་གནོན་རེ་གཉིས་རྡེབ་པ་ཙམ་གྱིས་ནང་དོན་མོད་པོ་འཇུག་ཐུབ། 
     [སྒྲིག་བཀོད་ལེགས་པ] བོད་ཀྱི་སྐད་བརྡ་རིག་པའི་ཆེད་མཁས་ཀྱིས་ནུས་ཤུགས་གང་ཡོད་རྩལ་སྤྲུགས་སྒོས་མཐེབ་གནོན25ཅན་གྱི་མཐེབ་གཞོང་གི་སྒྲིག་བཀོད་འདོན་སྤེལ་བྱས་ཤིང་། PCམཐེབ་གཞོང་ལས་བསྒྱུར་སྒྲིག་བྱས་པ་ཡིན་པས་གོམས་སྟོབས་ཀྱིས་གཏག་འཇུག་ཐུབ་ཅིང་སྤྱོད་བདེ།
     [ཡིག་མཛོད་རྒྱ་ཆེ་བ] ཡིག་མཛོད་ས་ཡ་ལྷག་ཡོད་དེ། མིང་རྐྱང་དང་ཚིག་དུམ་སོགས་ཀྱི་གཏག་འཇུག་དག་ཅིང་མྱུར། 
     [རྟགས་རིས་འཐུས་ཚང་བ] བོད་ཡིག་དང་ལེགས་སྦྱར་ཀྱི་རྟགས་རིས་མཐའ་དག་འདུས་པས་གང་ལ་གང་མཁོ་སྒོས་གཏག་ཆོག
     [གདོང་རིས་ལ་ཁྱད་ཆོས་ལྡན་པ] གདོང་རིས་ལ་མི་རིགས་ཀྱི་ཁྱད་ཆོས་ལྡན་ཞིང་ཇུས་འགོད་ལེགས་པས། གཏག་འཇུག་གི་ལས་ཀ་རུ་སྤྲོ་བོ་འབྱུང་ངེས།
     [སྐད་གདངས་ཀྱི་ནང་འཇུག] རྒྱ་དབྱིན་སྐད་གཉིས་ནི་སྐད་གདངས་ལས་དུས་ཐོག་ཡི་གེར་ཕབ་ཐུབ་པས་མཛུབ་མོ་འགུལ་མི་དགོས། 
     [སྐད་རིགས་མང་བ] བོད་རྒྱ་དབྱིན་བཅས་ཡིག་རིགས་གསུམ་གང་རུང་བརྗེ་བསྒྱུར་བྱ་ཐུབ།
     [གཏག་ཐབས་ཆ་ཚང་བ] རྒྱ་ཡིག་གི་སྒྲ་སྦྱོར་དང་། ལག་བྲིས། སྐད་གདངས་བཅས་གང་བདེར་བརྗེ་བསྒྱུར་བྱ་ཐུབ།

འདི་རུ་དཔྱད་བརྗོད་འཇོག་པའམ་ཡང་ན་དཔྱད་བརྗོད་ལ་གཟིགས་ཆོག
དཔྱད་འཇོག་ཤོག་ངོས་ཕབ་བཞིན་པ།
正在加载评论列表...