སྡེབ་ངོས་རྩོམ་ཡིག་ཀློག་ཐབས།
དཀར་རིལ་མནན་ཏེ་རིགས་དབྱེ་ལ་ལྟ་བ།
སྐབས་བཅུ་པའི་རྒྱལ་ཡོངས་བོད་ལུགས་གསོ་རིག་མཐོ་རིམ་ཟབ་སྦྱོང་འཛིན་གྲྭ་པེ་ཅིང་དུ་འཚོགས།
རྩོམ་པ་པོ། མི་གསལ། རྩོམ་སྒྲིག་པ། Lhamo དུས་ཚོད། 2019-10-21 8:46:00 རྩོམ་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ། ཀློག་གྲངས།
     སྤྱི་ཟླ10བའི་ཚེས17ཉིན་གྱི་སྔ་དྲོར། ཀྲུང་གོའི་བོད་རིག་པ་ཞིབ་འཇུག་ལྟེ་གནས་ཀྱིས་གཙོ་སྒྲུབ་བྱས་ཤིང་། ཀྲུང་གོའི་བོད་རིག་པ་ཞིབ་འཇུག་ལྟེ་གནས་ཚན་རིག་ཞིབ་འཇུག་གཞུང་ལས་ཁང་དང་། པེ་ཅིང་བོད་སྨན་ཁང་། བོད་ལུགས་གསོ་རིག་ཞིབ་འཇུག་སུའོ་བཅས་ཀྱིས་སྒྲུབ་རོགས་བྱས་པའི་དུས་ཡུན་ཉིན་བདུན་རིང་གི་སྐབས་བཅུ་པའི་རྒྱལ་ཡོངས་བོད་ལུགས་གསོ་རིག་མཐོ་རིམ་ཟབ་སྦྱོང་འཛིན་གྲྭ་པེ་ཅིང་བོད་སྨན་ཁང་དུ་འཚོགས།
     ཐེངས་འདིའི་མཐོ་རིམ་ཟབ་སྦྱོང་འཛིན་གྲྭར་བོད་ལྗོངས་ཀྱི་བོད་ལུགས་སྨན་པ་གྲགས་ཅན་དགེ་རྒན་དགའ་བའི་རྡོ་རྗེ་ལགས་གདན་ཞུ་གནང་སྟེ་《ལག་ལེན་གཅེས་བཏུས་ཀུན་གསལ་སྣང་མཛོད་ཀྱི་དགོངས་འགྲེལ་དེལ་དམར་ཞལ་ལུང》ཞེས་པ་སློབ་ཁྲིད་གནང་བ་དང་། ཟབ་སྦྱོང་འཛིན་གྲྭའི་སློབ་མ་ལ་པེ་ཅིང་དང་། བོད་ལྗོངས། སི་ཁྲོན། ཀན་སུའུ། མཚོ་སྔོན། ནང་སོག་རང་སྐྱོང་ལྗོངས་བཅས་ནས་ཡོང་བའི་མི་སྣ་150ལྷག་ཞུགས་ཡོད།
     ཟབ་སྦྱོང་འཛིན་གྲྭ་ནི་ཟླ་10པའི་ཚེས17ཉིན་ནས་ཚེས23ཉིན་བར་འཚོགས་རྒྱུ་ཡིན་ལ།  ས་གནས་ཁག་ནས་ཡོང་བའི་སློབ་མ་ཚོས་གཙོ་གཉེར་ཕྱོགས་དང་བོད་ལུགས་སྨན་པ་གྲགས་ཅན་དགེ་རྒན་དགའ་བའི་རྡོ་རྗེ་ལགས་ལ་ཁ་བཏགས་ཕུལ་ནས་བཀའ་དྲིན་ཞུས།
     རྒྱལ་ཡོངས་བོད་ལུགས་གསོ་རིག་མཐོ་རིམ་ཟབ་སྦྱོང་འཛིན་གྲྭ་ཡིས་ཀྲུང་གོའི་བོད་རིགས་ས་ཁུལ་གྱི་བོད་ལུགས་གསོ་རིག་གི་རིག་གཞུང་སྤེལ་རེས་ལ་ཤུགས་སྣོན་དང་བོད་ཁུལ་གྱི་བོད་སྨན་ཁང་གི་ལས་གཉེར་མི་སྣ་ཚོའི་སྨན་དཔྱད་ལག་རྩལ་གྱི་ཡོན་ཚད་མཐོ་རུ་གཏོང་བར་སྐུལ་འདེད་བྱས་ཡོད་པས། རྒྱ་ཆེའི་གསོ་རིག་ལས་གཉེར་མི་སྣ་ཚོས་དགའ་བསུ་དང་བསྔགས་བརྗོད་ཆེན་པོ་བྱེད་བཞིན་འདུག

འདི་རུ་དཔྱད་བརྗོད་འཇོག་པའམ་ཡང་ན་དཔྱད་བརྗོད་ལ་གཟིགས་ཆོག
དཔྱད་འཇོག་ཤོག་ངོས་ཕབ་བཞིན་པ།
正在加载评论列表...