སྡེབ་ངོས་རྩོམ་ཡིག་ཀློག་ཐབས།
དཀར་རིལ་མནན་ཏེ་རིགས་དབྱེ་ལ་ལྟ་བ།
མཚོ་སྔོན་པོ་དྲ་བས་བོད་རབ་རྒྱན་མེ་ཕོ་སྤྲེལ་ལོའི་ལོ་སར་ལ་བཀྲ་ཤིས་བདེ་ལེགས་ཞུ།
རྩོམ་པ་པོ། བདེ་ཆེན་མཚོ། རྩོམ་སྒྲིག་པ། Bdechen mtso དུས་ཚོད། 2016-2-7 12:31:00 རྩོམ་ཁུངས། མཚོ་སྔོན་པོ་དྲ་བ། ཀློག་གྲངས།

 

 

     བཀྲ་ཤིས་གནམ་ལོ་གསར་ཚེས་ཀྱི་སྐྱ་རེངས་དང་པོ་ཐ་གྲུར་ཁྱབ་པའི་དུས་ཕུན་སུམ་ཚོགས་པའི་རྟེན་འབྲེལ་དང་བསྡོངས་ནས། གློད་ཡངས་དང་རིགས་ཞེན། གསར་གཏོད་དངབརྟུན་པའི་ཀླུང་ནས་རབ་བྱུང་བཅུ་བདུན་པའི་ཤིང་མོ་ལུག་ལོའི་ལོ་ཟླ་དེ་ལོ་རྒྱུས་ཀྱི་བཤུལ་ལམ་དུ་བཞུད་སོང་ལ། རེ་སྙེག་དང་ཡིད་ཆེས། བློ་སྤོབས་དང་དམིགས་རྟེན་སྙིང་དུ་རུམ་ནས་ཤིས་པའི་དགེ་མཚན་ཕྱོགས་སུ་རྒྱས་པའི་དུས་ཀྱི་ཐོག་མ་འདི་བཀྲ་ཤིས་རྟེན་འབྲེལ་གྱི་སྨོན་འདུན་ཞིག་དང་སྦྲགས་སྤྲོ་དགའི་གདོང་གིས་བསུ་རྒྱུ་ཡིན་པ་སྟེ། བོད་རབ་རྒྱན་མེ་ཕོ་སྤྲེལ་ལོའི་ལོ་གསར་བའི་ནང་དུ་ཕྱི་སྣོད་ཀྱི་དགེ་ལེགས་ནི་དབྱར་མཚོ་རྒྱས་བཞིན་གོང་དུ་འཕེལ་ཞིང་། ནང་བཅུད་ཀྱི་སེམས་ཅན་ནི་མཐོ་རིས་ཡོན་ཏན་བདུན་གྱིས་མཛེས་པར་གྱུར་ཅིག་ཅེས་རིགས་མཐུན་སྤུན་ཟླ་ལྷན་རྒྱས་ལ་མཚོ་སྔོན་པོ་དྲ་བའི་ཁོངས་མི་ཡོངས་ཀྱིས་སྙིང་ནས་འབུལ།
     མཚོ་སྔོན་པོ་དྲ་བ་འདི་ཉིད་དྲ་རྒྱའི་འཇིངས་སུ་ཞུགས་པའི་དུས་དེ་ནས་བཟུང་། མི་རིགས་ལ་བཅངས་པའི་དུངས་ཞེན་ཡལ་མ་མྱོང་ཞིང་དམིགས་པ་གཅིག་ཏུ་གཏད་ནས་རང་རིགས་ཀྱི་གཙུག་ལག་རིག་གནས་འཛིན་སྤེལ་གྱི་དོན་ལྡན་འཕྲིན་ལས་རྣམ་ཀུན་དུས་ལས་ཡོལ་བ་མེད་པར་ལྷུར་གྱིས་བླངས་ལ། ནུས་པ་རྩལ་གྱིས་སྤྲུགས་ཤིང་འགན་འཁྲི་གང་ལྕོགས་སྒོས་བཞེས་ནས། མདུན་སྐྱོད་ཀྱི་ལམ་ཁ་ཇེ་ཡངས་དང་ཇེ་སྙོམས་སུ་བཏང་བས། 2015ལོར་བོད་ཀྱི་རིག་གནས་ཀྱི་ཉིང་བཅུད་སྲོག་རྩར་བརྒྱུས་པའི་མཚོ་སྔོན་པོ་དྲ་བ་སྔར་བཞིན་ཉམས་པ་མེད་པར་ཇེ་རྒྱས་ཇེ་ལེགས་སུ་ཕྱིན་པ་སྟེ། མཚོ་སྔོན་པོ་བོད་ཡིག་དྲ་བ་དང་། མཚོ་སྔོན་པོ་རྒྱ་ཡིག་དྲ་བ། མཚོ་སྔོན་པོ་བོད་ཡིག་ཟིན་བྲིས། མཚོ་སྔོན་པོ་རྒྱ་ཡིག་ཟིན་བྲིས། མཚོ་སྔོན་པོའི་རླབས་སྒྲ་བཅས་ཁྱད་འཕགས་ཀྱི་སྒེར་གཤིས་དང་མི་རིགས་ཀྱི་ཁྱད་ཆོས་དོད་ཅིང་བརྗོད་བྱ་ཕུན་སུམ་ཚོགས་པོས་ཕྱུག་པའི་ཀ་ཁའི་སྟེགས་བུ་འདིའི་སྔར་ཡོད་ཀྱི་ལེགས་ཆ་རྒྱུན་འཛིན་དང་མེད་པ་ཁ་གསབ་སྒོས་ནང་དོན་དང་དྲ་ངོས་ཇུས་འགོད་སོགས་གང་ཅིའི་ཐད་ནས་འཐུས་ཚང་དུ་སོང་། 
     དེར་མ་ཟད་དུས་རབས་ཉེར་གཅིག་པ་སྟེ་འཛམ་གླིང་ཕུང་གཅིག་ཅན་དུ་འགྱུར་བའི་དུས་འདིར། མིག་རྒྱང་རིང་དུ་འཕེན་པའི་བློ་སྤོབས་ཀྱིས་ཀུན་ནས་བརྟས་ཤིང་། བོད་ཀྱི་ལྔ་ཟུང་རིག་གནས་བློ་ལྡན་ཅན་དུ་གཏོང་བའི་བླ་མེད་ཀྱི་འོས་འགན་མ་བསྐུལ་དང་ལེན་བྱས་ནས། གསར་བསྐྲུན་གྱི་ལམ་ཁ་ཡངས་པོ་ཤུགས་ཀྱིས་བརྟོལ་བ་སྟེ། 2013ལོ་ནས་བཟུང་ཡོངས་འཛིན་བོད་ཡིག་འཚོལ་བཤེར་མ་ལག་གསར་སྤེལ་གྱི་འཆར་གཞིའི་འགོ་བཙུགས་ལ། ལོ་གསུམ་གྱི་རིང་དཀའ་བ་བརྒྱ་ཕྲག་ཁྱད་དུ་བསད་ཅིང་ཕྱར་བ་གྲུ་འདེགས་དང་ཧུར་ཐག་འབད་ཐག་སྒོས་ཡོངས་འཛིན་བོད་ཡིག་འཚོལ་བཤེར་མ་ལག་གསར་སྤེལ་གྱི་ལས་གཞིར་རྩེ་གཅིག་ཏུ་གཞོལ་བས། 2015ལོ་ནི་ལས་གཞི་འདི་འཛུགས་སྐྲུན་གྱི་དུས་གནད་འགག་ཅིག་ཏུ་ཆགས་ལ། ལོ་འདིར་ལས་གཞིའི་འཛུགས་སྐྲུན་ལ་ཐོད་རྒལ་རང་བཞིན་གྱི་འཕེལ་རྒྱས་ཆེན་པོ་བྱུང་། ད་སྔ་གསར་འགྱུར་དང་དྲ་ངོས། པར་རིས། བརྙན་རིས། རིག་མཛོད། ཡིག་ཚང་། དྲིས་ལན་བཅས་ཡོངས་འཛིན་འཚོལ་བཤེར་མ་ལག་གི་གྲུབ་ཆ་བདུན་པོའི་ནང་དོན་སྡུད་སྒྲིག་དང་དྲ་ངོས་ཇུས་འགོད། རྒྱུད་ཁོངས་ཀྱི་སྒྲོམ་གཞི་འཛུགས་སྐྲུན། བོད་ཡིག་གི་མིང་གི་དབྱེ་མཚམས་ངོས་འཛིན་གྱི་ལག་རྩལ་གསར་སྤེལ། དེ་མིན་འཚོལ་བཤེར་མ་ལག་གི་སྲོག་ཤིང་དུ་གྱུར་བའི་རིག་མཛོད་ཀྱི་འཛུགས་སྐྲུན་སོགས་བདེ་བླག་ངང་ལེགས་འགྲུབ་བྱུང་གཤིས། ཡོངས་འཛིན་བོད་ཡིག་འཚོལ་བཤེར་མ་ལག་འཛུགས་སྐྲུན་ལས་གཞིའི་རིམ་པ་དང་པོར་ཞིབ་བཤེར་རྩིས་ལེན་བྱས་ནས་མཇུག་སྒྲིལ། 



ཡོངས་འཛིན་དྲ་ངོས་ཀྱི་པར་རིས།

     དེ་བས། ལོ་གསར་བའི་ནང་དུ་རྒྱ་ཆེ་དྲ་གྲོགས་དང་དོན་མཐུན་སྤུན་ཟླ་རྣམས་ཀྱི་རེ་འབྲས་དོན་དུ་སྨིན་ཐུབ་རྒྱུར་བརྩོན་པ་ལྷུར་ལེན་བྱས་ནས་བོད་ཡིག་ཆ་འཕྲིན་ལག་རྩལ་འཕེལ་རྒྱས་ཐད་ལོ་རྒྱུས་ཀྱི་ཤོག་ལྷེ་གསར་བ་ཞིག་འབྲི་བཞེངས་བྱ་རྒྱུ་ཡིན་ཏེ། 2016ལོའི་ཟླ8པར། དྲ་རྒྱའི་ཆུ་ཀླུང་བྱེ་བ་ཕྲག་བརྒྱ་ཉིན་བཞིན་འབེབས་པའི་ཀླུང་དུ་ཡོངས་འཛིན་འཚོལ་བཤེར་ཞེས་པའི་ཤེས་བྱའི་དཀྱིལ་འཁོར་ཡངས་པོ་ཞིག་རིགས་མཐུན་དང་དོན་མཐུན་སྤུན་ཟླ་ཡོངས་ཀྱི་སྤྱན་ལམ་དུ་རྣམ་ཀུན་རྒྱབ་སྐྱོར་དང་ཐུགས་ཁུར་གནང་བའི་སྐྱེས་སུ་འབུལ་རྒྱུ་ཡིན་པས། ཀུན་གྱི་ཐུགས་འདུན་དང་འཚམ་པའི་ཁར། རང་མི་རིགས་ཀྱི་རིག་གནས་གྱ་ནོམ་པ་འདི་དེང་རབས་ཅན་དང་། ཆ་འཕྲིན་ཅན། གྲངས་འཛིན་ཅན། བློ་ལྡན་ཅན་དུ་གཏོང་བར་མཐུན་རྐྱེན་ཁྱད་འཕགས་ཤིག་བསྐྲུན་ཐུབ་པར་སྨོན།
     མཇུག་མཐར་རྒྱ་ཆེའི་དྲ་གྲོགས་རྣམ་པས་སྔར་བཞིན་ང་ཚོ་དང་གཅིག་ལ་གཅིག་བརྟེན་གྱི་མཛའ་མཐུན་གསེར་ཟམ་ནམ་ཡང་ཆད་དུ་མི་འཇུག་པར་མཚོ་སྔོན་པོ་དྲ་བའི་འཕེལ་རྒྱས་ཀྱི་གོམ་འགྲོས་ཇེ་མགྱོགས་སུ་འགྲོ་བ་དང་ཡོངས་འཛིན་བོད་ཡིག་འཚོལ་བཤེར་གྱི་ཤར་གཏོང་ལ་ཐུགས་ཁུར་དང་རྒྱབ་སྐྱོར་འཛད་མེད་གནང་རྒྱུའི་རེ་བ་ཞུ་བ་དང་ཆབས་ཅིག བོད་རབ་རྒྱན་མེ་ཕོ་སྤྲེལ་ལོར་བོད་ཡུལ་ཆོལ་ཁ་གསུམ་དུ་བཀྲ་ཤིས་དང་དགེ་མཚན་གྱིས་ཕྱུག་ཐོག གཞིས་བྱེས་སྤུན་ཟླ་ཡོངས་ཀྱི་ཚེ་བསོད་རླུང་རྟའི་སྟོབས་ཀུན་རབ་ཏུ་རྒྱས་ཤིང་དགེ་ལ་བརྩོན་པའི་འཕྲིན་ལས་ལམ་ལྷོངས་ཡོང་བའི་བཀྲ་ཤིས་སྨོན་འདུན་ཞུའོ། །

 


འདི་རུ་དཔྱད་བརྗོད་འཇོག་པའམ་ཡང་ན་དཔྱད་བརྗོད་ལ་གཟིགས་ཆོག
དཔྱད་འཇོག་ཤོག་ངོས་ཕབ་བཞིན་པ།
正在加载评论列表...