སྡེབ་ངོས་རྩོམ་ཡིག་ཀློག་ཐབས།
དཀར་རིལ་མནན་ཏེ་རིགས་དབྱེ་ལ་ལྟ་བ།
ཡོངས་འཛིན་བོད་ཡིག་འཚོལ་བཤེར་མ་ལག་ཤར་གཏོང་བྱས་ནས་ལོ་འཁོར་གཅིག་ལོན་པར་ཀློག་གྲངས་དུང་ཕྱུར1ལས་བརྒལ།
རྩོམ་པ་པོ། ལྷ་མོ་ཚེ་སྐྱིད། རྩོམ་སྒྲིག་པ། Lhamo དུས་ཚོད། 2017-8-22 9:04:00 རྩོམ་ཁུངས། མཚོ་སྔོན་པོ་དྲ་བ། ཀློག་གྲངས།


ཡོངས་འཛིན་བོད་ཡིག་འཚོལ་བཤེར་མ་ལག་ཤར་གཏོང་བྱས་ནས་ལོ་འཁོར་གཅིག་ལོན་པར་ཀློག་གྲངས་དུང་ཕྱུར1ལས་བརྒལ།

     རླུང་ལྟར་རྡོལ་བའི་ཆ་འཕྲིན་གྱི་དུས་རབས་འདིར། འཛམ་གླིང་གི་མི་རིགས་སོ་སོས་རང་ཉིད་ཀྱི་སྐད་དང་ཡི་གེ རིག་གནས་སོགས་ཆ་འཕྲིན་གྱི་ལམ་ནས་རྒྱུན་འཛིན་དང་དར་སྤེལ་བྱེད་པའི་སྐབས་དང་བསྡོངས་ཏེ། མཚོ་ལྷོ་ཁུལ་བོད་སྐད་ཡིག་བྱ་བའི་ཨུ་ཡོན་ལྷན་ཁང་གི་འགོ་གཙོ་ཚེ་ལོ་ཡིས་སྣེ་ཁྲིད་དེ། དུས་ཡུན་ལོ་ངོ3ལྷག་རིང་ལ་འབད་བརྩོན་དང་དཀའ་སྡུག་བརྒྱུད། བོད་ཡིག་འཚོལ་བཤེར་མ་ལག་ཐོག་མ་སྟེ་ཡོངས་འཛིན་བོད་ཡིག་འཚོལ་བཤེར་མ་ལག་འདི2013ལོའི་ཟླ4བ་ནས་ལས་མགོ་བརྩམས་ཏེ2016ལོའི་ཟླ8པའི་ཚེས22ཉིན་མཚོ་ལྷོ་ཁུལ་ནས་དངོས་སུ་ཤར་གཏོང་བྱས་པ་དང་། 2017ལོའི་ཟླ8པའི་ཚེས22ཉིན་ནི་ཡོངས་འཛིན་བོད་ཡིག་འཚོལ་བཤེར་མ་ལག་ཤར་གཏོང་བྱས་ནས་ལོ་འཁོར་གཅིག་ལོན་པའི་ཉིན་མོ་ཡིན་ལ། ད་སྔའི་བར་ཡོངས་འཛིན་འཚོལ་བཤེར་གྱི་ཀློག་གྲངས་དུང་ཕྱུར1ལས་བརྒལ།
     ཡོངས་འཛིན་འཚོལ་བཤེར་ལ་གསར་འགྱུར་དང་དྲ་ངོས། བརྙན་རིས། གླུ་དབྱངས། པར་རིས་འཚོལ་བཤེར། རིག་མཛོད། ཡིག་ཚང་། དྲིས་ལན་སོགས་ལེ་ཚན་ཁེབས་ཤིང་། མ་ལག་གྲངས་མཛོད་ཐད་ལོ་རྒྱུས་དང་རྩོམ་རིག ཆོས་ལུགས། གསོ་རིག རང་བྱུང་དང་ཚིག་མཛོད་སྣ་ཚོགས་ཡིག་ཆ་རིགས38དང་བོད་ཡིག་དཔྱད་གཞིའི་དཔེ་གཞུང9800ལྷག་གཏག་འཇུག་བྱས་ཡོད། མིག་སྔར་ཡོངས་འཛིན་བོད་ཡིག་འཚོལ་བཤེར་མ་ལག་དེ་ལས་གཞིའི་འཛུགས་སྐྲུན་དུས་སྐབས་གསུམ་པར་སླེབས་ཡོད་དེ། སྒྲོམ་གཞི་བརྡ་དོན་ཤེས་བྱའི་མཛོད་དང་། བོད་ཡིག་རྟགས་མཆན་སྐད་བརྡའི་མཛོད། གླེང་ཚུལ་ལྟ་ཞིབ་མ་ལག་སྔོག་འདོན་དང་། བརྡ་ཁྱབ་ཚོང་གཉེར་མ་ལག  ཡོངས་འཛིན་དྲ་རྒྱའི་བྱེད་ནུས་གསར་སྤེལ། ལག་འཁྱེར་ཁ་པརAPPགསར་སྤེལ། དངུལ་སྤྲོད་སྟེགས་བུ་སོགས་འདུས་ཤིང་། དེར་མཐུད་དེ་ཡོངས་འཛིན་འཚོལ་བཤེར་མ་ལག་གི་ཚོང་གཉེར་ལམ་བུ་བཏོད་རྒྱུ་དང་། ཡོངས་འཛིན་འཁོར་སྐྱོད་དེ་གཞུང་ཕྱོགས་ནས་ཁེ་ལས་ཅན་འཁོར་སྐྱོད་དུ་སྐུལ་འདེད་བྱེད་རྒྱུ་ཡིན།


ས་ཁོངས་ཀྱི་འཚོལ་བཤེར་གྲངས་ཚད།

     ཡོངས་འཛིན་ཤར་གཏོང་བྱས་རྗེས་རྒྱ་ཆེ་བའི་དྲ་གྲོགས་ལྷན་རྒྱས་ཀྱིས་ནང་དོན་དང་སྤུས་ཚད། ལྟ་ཀློག་མྱོང་ཚོར། ནང་འཛུལ་རང་བཞིན་སོགས་ཀྱི་ཐད་ནས་ཁས་ལེན་དང་གདེང་འཇོག་ཆེན་པོ་ཐོབ། བསྡོམས་རྩིས་བྱས་པ་ལྟར་ན། ཡོངས་འཛོན་འཚོལ་བཤེར་སྤྱོད་མཁན་གྱི་ཀློག་གྲངས་དུང་ཕྱུར1ལས་བརྒལ་ལ། ཡོངས་འཛིན་འཚོལ་བཤེརAPPསྤྱིའི་ཕབ་ལེན་གྲངས་ཚད་ནི218187ཡིན། “ཞི་ཅིན་ཕིང”། “སྐྱེ་ཁམས་སྲུང་སྐྱོབ”། “མི་རིགས་མཐུན་སྒྲིལ”།  “དག་ཡིག”དང“གཏམ་དཔེ”། “ས་སྐྱ་ལེགས་བཤད”། “ལོ་རྒྱུས”། “རྩོམ་རིག” “བོད་ལུགས་གསོ་རིག” “སློབ་གསོ”སོགས་ཐ་སྙད་ནི་འཚོལ་བཤེར་མང་བོའི་ཐ་སྙད་ཡིན། སྤྱོད་མཁན་གྱི་ཐད་ནས་རྒྱལ་ཡོངས་ཞིང་ཆེན་དང་གྲོང་ཁྱེར། རང་སྐྱོང་ལྗོངས31ལ་ཁེབས་པ་མ་ཟད། ཨ་རི་དང་དབྱིན་ཇི། ཧྥ་རན་སི། སུའེ་ཙེར། རྒྱ་གར་སོགས་རྒྱལ་ཁབ་དང་ས་ཁུལ66ལ་ཁྱབ་ཅིང་། མིག་སྔར། ཡོངས་འཛིན་འཚོལ་བཤེར་བདེ་བླག་ངང་འཁོར་སྐྱོད་བྱེད་པ་ཡིན་ལ། གྲངས་མཛོད་ཀྱི་ཆ་ཉིན་རེར་རྒྱ་ཆེར་ཕྱིན་ཞིང་ནང་འཛུལ་བྱེད་ཚད་རིམ་བཞིན་མཐོ་རུ་འཕར་བ་ཡིན།
     ཡོངས་འཛིན་འཚོལ་བཤེར་མ་ལག་ལས་གཞི་འཛུགས་སྐྲུན་ལེགས་འགྲུབ་བྱུང་བ་འདིས་མི་རིགས་ཀྱི་རིག་གནས་རྒྱུན་འཛིན་དང་དར་སྤེལ་བྱེད་པར་དགེ་མཚན་ལྡན་པར་མ་ཟད། རང་རྒྱལ་གྱི་རིག་གནས་གཉོམ་ཤུགས་མཐོར་འདེགས་དང་། མི་རིགས་དབར་གྱི་རིག་གནས་ངོས་འཛིན་ལ་ཤུགས་སྣོན། མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན། བོད་ཡིག་གླེང་ཚུལ་སྐད་ཆའི་དབང་ཆ་མཐོར་འདེགས་བཅས་ལ་ཕན་པར་མ་ཟད། བོད་ཁུལ་གྱི་དཔལ་འབྱོར་འཕེལ་རྒྱས་དང་རིག་གནས་ཕུན་སུམ་ཇེ་ཚོགས་སུ་སྐུལ་འདེད་གཏོང་བར་རྒྱང་རིང་བའི་དོན་སྙིང་ལྡན།


ཡོངས་འཛིན་བོད་ཡིག་འཚོལ་བཤེར་མ་ལག་གི་ལས་བཟོ་བ་ཡོངས།

     ཡོངས་འཛིན་བོད་ཡིག་འཚོལ་བཤེར་མ་ལག་བཙུགས་ནས་ལོ་འཁོར་གཅིག་ལོན་ལ་ཉེ་བའི་སྐབས་འདིར། ཡོངས་འཛིན་གྱི་ལས་སྒྲུབ་མི་སྣ་ཡོངས་ཀྱིས་མཚོ་སྔོན་ཞིང་ཆེན་དཔལ་འབྱོར་དང་ཆ་འཕྲིན་ཅན་ཨུ་ཡོན་ལྷན་ཁང་དང་། མཚོ་ལྷོ་ཁུལ་ཨུ་དང་ཁུལ་སྲིད་གཞུང་སོགས་འབྲེལ་ཡོད་སྡེ་ཁག་གིས་དུས་ཡུན་རིང་བོར་ཡོངས་འཛིན་ལས་གཞི་ལ་རྒྱབ་སྐྱོར་དང་ཐུགས་ཁུར་གནང་བར་ལྷག་བསམ་འཁོལ་བས་བཀའ་དྲིན་ཞུ་བ་མ་ཟད། དུས་མཉམ་དུ། ཡོངས་འཛིན་ལ་ཐུགས་ཁུར་དང་རྒྱབ་སྐྱོར་གནང་མཁན་གྱི་རྒྱ་ཆེ་བའི་དྲ་གྲོགས་དག་ལའང་སྤྲོ་སེམས་འཁོལ་བས་བཀའ་དྲིན་ཞུ། རྗེས་ཕྱོགས་སུ་ཡོངས་འཛིན་གྱིས་སྔར་ལས་འོད་སྟོང་འབར་བའི་སྒོ་ནས་བོད་ཡིག་ཆ་འཕྲིན་ཅན་དུས་རབས་ཀྱི་ལམ་བུར་ཁྱེད་དང་ལྷན་དུ་བགྲོད་ངེས།


འདི་རུ་དཔྱད་བརྗོད་འཇོག་པའམ་ཡང་ན་དཔྱད་བརྗོད་ལ་གཟིགས་ཆོག
དཔྱད་འཇོག་ཤོག་ངོས་ཕབ་བཞིན་པ།
正在加载评论列表...