སྡེབ་ངོས་རྩོམ་ཡིག་ཀློག་ཐབས།
དཀར་རིལ་མནན་ཏེ་རིགས་དབྱེ་ལ་ལྟ་བ།
དབོན་སྤྲུལ་ཚེ་རིང་རྡོ་རྗེ་མཆོག་ལ་ཀྲུང་ཧྭ་རིག་གནས་ཀྱི་ལོ་འཁོར་མི་སྣའི་གཟེངས་རྟགས་ཐོབ།
རྩོམ་པ་པོ། མི་གསལ། རྩོམ་སྒྲིག་པ། Lhamo དུས་ཚོད། 2018-1-18 10:51:00 རྩོམ་ཁུངས། ཧི་མ་ལའི་རིག་མཛོད་ཆེན་མོའི་འཕྲིན་སྟེགས། ཀློག་གྲངས།


དབོན་སྤྲུལ་ཚེ་རིང་རྡོ་རྗེ་མཆོག་ལ་ཀྲུང་ཧྭ་རིག་གནས་ཀྱི་ལོ་འཁོར་མི་སྣའི་གཟེངས་རྟཊ་ཐོབ།

     ཉེ་ལམ། ཀྲུང་ཧྭ་རིག་གནས་ཡར་སྐུལ་ཚོགས་པ་དང་། ཧྥེང་ཧོང་བརྙན་འཕྲིན་ཁང་གཉིས་ཀྱིས་མཉམ་འབྲེལ་ངང་གཉེར་བའི2017ལོའི་ཀྲུང་ཧྭ་རིག་གནས་ཀྱི་ལོ་འཁོར་མི་སྣའི་གཟེངས་རྟགས་བསྩལ་བའི་མཛད་སྒོ་དེ་གྲོང་ཁྱེར་ཧྲེན་ཀྲེན་དུ་འཚོགས་ཤིང་། མཛད་སྒོའི་ཐོག་རྒྱལ་ཡོངས་སུ་རིག་གནས་ལས་དོན་ལ་བྱས་རྗེས་བླ་མེད་བཞག་པའི་མི10ལ་གཟེངས་རྟགས་བསྩལ་བའི་ནང་བོད་ཀྱི་རིག་གནས་དར་སྤེལ་མཁན་རྫ་ཀིཿལུང་དབོན་སྤྲུལ་ཚེ་རིང་རྡོ་རྗེ་མཆོག་ཀྱང་ཚུད་ཡོད་པ་དང་། ཁོང་ལ་ད་དུང་བོད་རིག་པ་དར་སྤེལ་མཁན་གྱི་མཚན་སྙན་ཀྱང་གནང་འདུག་ལ། འདིས་དབོན་སྤྲུལ་ཚེ་རིང་རྡོ་རྗེ་མཆོག་གིས་མི་ལོ་བཅུ་ཕྲག་གཉིས་ལ་ཉེ་བར་བོད་ཀྱི་རིག་གནས་ལ་ཕྱག་ལས་གནང་བའི་མཛད་པ་རླབས་ཆེན་དང་བོད་རིག་པ་འཛམ་གླིང་གི་གར་སྟེགས་སུ་བསྐྱོད་པའི་དོན་སྙིང་གལ་ཆེན་དེ་མཚོན་ཡོད།


ཀྲུང་ཧྭ་རིག་གནས་ཡར་སྐུལ་ཚོགས་པའི་ཚོགས་གཙོ་ཀའུ་ཊན་ཤང་མཆོག་སྐུ་དངོས་ཀྱིས་ཕྱག་སྟར་མའི་ཆེད་བསྟོད་ཤིས་ཚིག་གནང་བ།

     ཀྲུང་ཧྭ་རིག་གནས་ཀྱི་ལོ་འཁོར་མི་སྣའི་གཟེངས་རྟགས་ནི་འཛམ་གླིང་གང་སར་རིག་གནས་བྱ་གཞག་སྒྲུབ་བཞིན་པའི་ཀྲུང་གོ་བར་ཁ་ཕྱོགས་པའི་གཟེངས་རྟགས་གཅིག་པུ་དེ་ཡིན་ཞིང་། གཟེངས་རྟགས་དེས་རིག་གནས་ལ་བྱས་རྗེས་བཞག་མཁན་རྣམས་ལ་བསྟོད་བསྔགས་དང་སྐུལ་མ་བྱེད་ཀྱི་ཡོད།
     དབོན་སྤྲུལ་ཚེ་རིང་རྡོ་རྗེ་མཆོག་ནི་མཚོ་སྐྱེས་རིག་གནས་སྤྱི་གཉེར་ཁང་དང་དེའི་ཡན་ལག་ཧི་མ་ལའི་རིག་མཛོད་ཁང་། ཧི་མ་ལའི་དགེ་ལས་ཐེབས་རྩ་ཚོགས་པ། གུ་རུའི་རྣམ་ཐར་སྟོང་ཐང་ཆེན་མོ་བཅས་གསར་འཛུགས་གནང་མཁན་བཅས་ཡིན་ཞིང་། ཁོང་གིས་བོད་ཀྱི་རིག་གཞུང་ཉིད་དེང་རབས་ཅན་དང་བརྡ་འཕྲིན་ཅན། འཛམ་གླིང་རང་བཞིན་གྱི་ཕྱོགས་སུ་བསྐྱོད་པར་ཁ་ཡོད་ལག་ཡོད་ཀྱི་མཛད་པ་མང་དུ་བསྐྱངས་ཡོད།
     གཟེངས་རྟགས་བསྩལ་བའི་མཛད་སྒོའི་ཐོག ཁོང་གིས་རིས་སུ་མ་ཆད་པའི་སྐྱེ་འགྲོ་མཐའ་དག་གི་དོན་དང་། སྤྱི་ཚོགས་ཀྱི་དཔལ་ཡོན་ཡར་ཐོན་གྱི་ཆེད་དུ། བྱམས་བརྩེ་དང་ཤེས་རབ་ཀྱིས་མི་རེ་རེའི་འཚོ་བ་ལ་ཕན་ཐོགས་པར་བྱེད་པ་ནི་ང་ཚོ་ཐུན་མོང་གི་རེ་འདུན་ཡིན། ང་ཚོས་ཤེས་རབ་ཀྱིས་ཕུགས་བསམ་ལེགས་འགྲུབ་བྱེད་ཅིང་། བྱམས་བརྩེ་ལ་བརྟེན་ནས་མི་ཚེ་ལེགས་འགྲུབ་བྱ་དགོས་ཞེས་པའི་གཏམ་བཤད་ཀྱང་བསྩལ་འདུག


ཀྲུང་ཧྭ་རིག་གནས་ཡར་སྐུལ་ཚོགས་པའི་ཚོགས་གཙོ་བང་ཧྲི་མཆོག་དང་ལྷན་དུ་སྒྲོན་པའི་སྐུ་པར།

     ཁོང་གིས་ཧི་མ་ལའི་རིག་མཛོད་ཁང་གི་དཔེ་ཚོགས་ཀྱི་ཐོག་མ་བོ་དོང་པཎ་ཆེན་ཕྱོགས་ལས་རྣམ་རྒྱལ་གྱི་གསུང་འབུམ་པོད95ཡི་བདག་ཉིད་ཅན་དེ་ཀྲུང་ཧྭ་རིག་གནས་ཡར་སྐུལ་ཚོགས་པ་དང་། ཧྥེང་ཧོང་བརྙན་འཕྲིན་ཁང་གཉིས་ལ་དྲན་རྟེན་ཀྱང་ཕུལ་ཡོད་པ་རེད།
     ཀྲུང་དབྱང་རིག་གནས་ལོ་རྒྱུས་ཞིབ་འཇུག་གླིང་གི་ཚོགས་མི་དང་རོལ་དབྱངས་ཆེད་མཁས་པ། དགེ་རྒན་ཆེན་མོ་ཐིན་ཆིན་ལགས་ཀྱིས་ཚེ་རིང་རྡོ་རྗེས་དཀའ་ངལ་ཁྱད་དུ་བསད་ནས་འབད་བརྩོན་ཆེན་པོས་བོད་ཀྱི་གནའ་དཔེའི་གསུང་རབ་སྲུང་སྐྱོབ་དང་འཚོལ་བསྡུ། རྩོམ་སྒྲིག་བཅས་བྱས་ནས་དེ་འཛིན་སྐྱོང་སྤེལ་གསུམ་ཐད་མཛད་རྗེས་ཆེན་པོ་བཞག ཁོང་ནི་གཏིང་དཔག་དཀའ་བའི་སྡེ་སྣོད་ལ་མཁྱེན་རྒྱ་ཡངས་ཤིང་། མིའི་རིགས་ཀྱི་ཆེད་དུ་ཀླུའི་རྒྱལ་པོའི་ཕོ་བྲང་ནང་གི་ཡིད་བཞིན་ནོར་བུ་ལྟ་བུའི་རིག་གཞུང་མི་ཡུལ་དུ་འདྲེན་མཁན་གྱི་བན་སེར་མོ་བ་ཞིག་རེད་ཅེས་གསུངས་འདུག

     བོད་ཀྱི་རིག་གཞུང་ཀུན་འདུས་ཧི་མ་ལའི་རིག་མཛོད་ཆེན་མོ་དང་གུ་རུའི་རྣམ་ཐར་སྟོང་ཐང་ཆེན་མོའི་ལས་གཞི་གལ་ཆེན་གཉིས་ཀྱི་ཆེད་དུ་སྙིང་རུས་དཀའ་སྤྱད་ཀྱིས་འགན་འཁྲི་ཕྲག་ཏུ་བཞེས་པའི་དབོན་སྤྲུལ་ཚེ་རིང་རྡོ་རྗེས་བགྲང་བྱ་བཅུ་ཕྲག་གཉིས་ལྷག་གི་རིང་ལ་འབད་བརྩོན་ལྷོད་མེད་གནང་བ་དང་། ད་ལྟ་གུ་རུའི་རྣམ་ཐར་སྟོང་ཆེན་མོ་སྟེ་ལེ་དབར་གསུམ་གྱི་རིང་ཚད་ཅན་གྱི་ཞལ་ཐང་སྟོང་གཅིག་དང་སུམ་བརྒྱའི་བདག་ཉིད་ཅན་དེ། ལྷ་རིས་པ་བཅུ་ཕྲག་ལྔས་བགྲང་བྱ་བཅུ་གཉིས་ཀྱི་ཡུན་ལ་བསྟུད་མར་བྲིས་པའི་སྟོང་ཐང་ཆེན་མོ་དེ་ད་ལྟ་འགྲུབ་ལ་ཉེ་བ་དང་། བོད་ཀྱི་རིག་གཞུང་ཀུན་འདུས་ཧི་མ་ལའི་རིག་མཛོད་ཁང་གིས་ལོ་ངོ་དྲུག་གི་རིང་ལ་རྒྱལ་ཁབ་ཕྱི་ནང་གི་བོད་ཀྱི་གནའ་དཔེ་གཙོས་དུས་རབས་ཉི་ཤུ་ཡན་གྱི་གྲུབ་མཐའ་རིས་སུ་མ་ཆད་པ་གཡུང་དྲུང་བོན་དང་བཅས་པའི་མཁས་པས་ལྗགས་རྩོམ་གནང་བའི་མདོ་སྔགས་རིག་གནས་དང་བཅས་པ་ཡིག་ཐོག་རིག་གཞུང་མཐའ་དག་ཀློག་རྡུལ་དུ་ཕབ་པ་དང་། མྱུར་སྐྱོབ། པར་སྐྲུན། རིན་མེད་གཟིགས་འབུལ་སོགས་ཀྱི་བྱེད་སྒོ་རབ་དང་རིམ་པ་སྤེལ་ཞིང་། ད་སྔོན་འཛམ་གླིང་གི་རྩོམ་པ་པོའི་ཁྲོད་འབུར་དུ་ཐོན་པའི་བོད་ཀྱི་མཁས་པ་ཆེན་པོ་བོ་དོང་པཎ་ཆེན་ཕྱོགས་ལས་རྣམ་རྒྱལ་གྱི་གསུང་རྩོམ་པོད་དགུ་བཅུ་དང་ཡིག་འབྲུ་ཁྲི་ཚོ་སྟོང་བཞི་ཅན་གྱི་བདག་ཉིད་ཅན་སྤྱི་སྒེར་གྱི་ཚོགས་པ་བཅུ་ཕྲག་གཉིས་ལ་ཉེ་བས་མྱུར་སྐྱོབ་དང་དཔེ་སྒྲིག་གི་མགོ་བརྩམས་ཀྱང་ལེགས་འགྲུབ་མ་བྱུང་བ་སྟེ། ཕྱི་རྒྱལ་ནས་མ་དཔེ་འཚོལ་ཞིབ་དང་ཧི་མ་ལའི་རིག་མཛོད་ཁང་གིས་ཐོག་མའི་བོད་ཀྱི་དཔེ་རྙིང་མྱུར་སྐྱོབ་ཀྱི་རྣམ་གྲངས་སུ་བདམས་ནས་ཡིག་གཏག་དང་། དཔེ་བསྡུར་ཞུ་དག་སོགས་རིམ་པ་བརྒྱད་ཀྱི་སྒོ་ནས་ལེགས་པར་གྲུབ་ཅིང་མཐར་དེབ་དཀྱུས་མ་དང་སྤུས་ལེགས་ཏེ་རྣམ་པ་གཉིས་ཀྱི་སྒོ་ནས་མི་རིགས་དཔེ་སྐྲུན་ཁང་ནས་རྒྱལ་སྤྱིའི་ཚད་ལྡན་དེབ་ཏུ་པར་དུ་བསྐྲུན་ཞིང་། པེ་ཅིང་རིག་གནས་ཕོ་བྲང་ནས་མཛད་སྒོ་གཟབ་རྒྱས་ངང་བསྡུས་ཤིང་། རྒྱལ་ཡོངས་གྲངས་ཉུང་མི་རིགས་ཀྱི་གནའ་དཔེ་ལོ་ལྔའི་འཆར་གཞི་བཅུ་གཉིས་པའི་གཙོ་གནད་པར་སྐྲུན་རྣམ་གྲངས་སུ་ཚུད་པར་བྱས་ཤིང་རྒྱལ་ཕྱི་ནང་གི་སློབ་གྲྭ་དང་དགོན་སྡེ་སོགས་རིག་མཛོད་ཁང་གིས་གཏན་འབེབས་བྱས་པའི་ཆ་རྐྱེན་ཚང་བ་དག་ལ་རིན་མེད་གཟིགས་འབུལ་བྱས་ཟིན་ལ། ད་དུང་ལོ་ལྔའི་འཆར་གཞི་བཅུ་གསུམ་པའི་གཙོ་གནད་པར་སྐྲུན་རྣམ་གྲངས་སུ་ཚུད། བོད་ཀྱི་རིག་གཞུང་གི་དབྱེ་བ་དགར་སྟངས་ཀྱི་དབྱེ་ཞིབ་གྲོས་མོལ་འཚོགས་འདུ་དེ་ལོ་ངོ་སྟོང་གི་རིང་ལ་བྱུང་མ་མྱོང་པའི་ལོ་རྒྱུས་ལྡན་པའི་བོད་མཁས་པའི་ཚོགས་འདུ་ཆེན་མོ་དེ་རིག་གཞུང་དྭངས་གཙང་གི་མཁོ་གལ་ལ་དམིགས་ནས་བོད་ཀྱི་མཁས་པ་བརྒྱ་ཕྲག་ལ་ཉེ་བ་ཁྲིན་ཏུའུ་གྲོང་ཁྱེར་དུ་བསྡུས་ཤིང་བོད་ཀྱི་རིག་གནས་ཀྱི་དབྱེ་བ་བཅོ་བརྒྱད་དུ་གཏན་འབེབས་བྱས།

     སྟོང་ལོ་བཅུ་བདུན་པའི་མཇུག་རྫོགས་ལ་ཉེ་སྐབས་འདིར་བོད་ཀྱི་བརྡ་སྤྲོད་ཀུན་འདུས་ཆེན་མོ་དང་། བོད་ཀྱི་སྙན་ངག་ཀུན་འདུས་ཆེན་མོ། བོད་ཀྱི་ཟློས་གར་ཀུན་འདུས་ཆེན་མོ། བོད་ཀྱི་མངོན་བརྗོད་ཀུན་འདུས་ཆེན་མོ། བོད་ཀྱི་རྩིས་རིག་ཀུན་འདུས་ཆེན་མོ།བོད་ཀྱི་སྡེབ་སྦྱོར་ཀུན་འདུས་ཆེན་མོ་སོགས་རིག་གནས་ཆུང་བ་ལྔ་པོད་སུམ་བརྒྱ་ལ་ཉེ་བ་དང་། གླིང་སྒྲུང་པོད་སུམ་བརྒྱ་ལྷག་ཡིག་གཏག་དཔེ་བསྡུར་ཞུ་དག་སོགས་གྲུབ་ནས་ཁྱོན་རྒྱལ་སྤྱིའི་ཚད་ལྡན་དེབ་དྲུག་བརྒྱ་ལྷག་ཧི་མ་ལའི་དཔེ་མཛོད་ཆེན་མོའི་རིག་གཞུང་པར་སྐྲུན་རྣམ་གྲངས་ཐེངས་གཉིས་པ་པར་སྐྲུན་བྱས་ཏེ་གྲུབ་ལ་ཉེ་བ་དང་། ད་དུང་ཁོང་གིས་བོད་མི་རེའི་ཕྱག་ན་དཔེ་མཛོད་ཁང་རེ་གཞག་རྒྱུ་ཡིན་ཞེས་གསུངས་པ་བཞིན། ཧི་མ་ལའི་དཔེ་མཛོད་ལག་དེབ APPཅན་རིམ་པ་དང་པོ་ལེགས་འགྲུབ་བྱུང་བ་དང་། ཧི་མ་ལའི་རིག་མཛོད་དྲ་ཚིགས་བསྐྱར་གཟོ་ལེགས་འགྲུབ་བྱུང་བ་སོགས་བོད་ཀྱི་ཆོས་རིག་གཉིས་ལ་ལྷག་བསམ་རྣམ་པར་དག་པས་ཞབས་འདེགས་བསྒྲུབས་དང་སྒྲུབ་བཞིན་པ་སྟེ། ཕྱོགས་ཀུན་ནས་བོད་ཀྱི་རིག་གནས་དར་སྤེལ་གྱི་ཆེད་དུ་ཡོད་ཚད་ཕུལ་བའི་མཛད་རྗེས་ངོ་མཚར་ཅན་བསྔགས་འོས་སུ་གྱུར་པ་མང་དུ་མཆིས་སོ།།


འདི་རུ་དཔྱད་བརྗོད་འཇོག་པའམ་ཡང་ན་དཔྱད་བརྗོད་ལ་གཟིགས་ཆོག
དཔྱད་འཇོག་ཤོག་ངོས་ཕབ་བཞིན་པ།
正在加载评论列表...