སྡེབ་ངོས་རྩོམ་ཡིག་ཀློག་ཐབས།
དཀར་རིལ་མནན་ཏེ་རིགས་དབྱེ་ལ་ལྟ་བ།
《སུམ་པ་ཡེ་ཤེས་དཔལ་འབྱོར་གྱི་གསུང་རྩོམ་ཕྱོགས་བསྒྲིགས》ལ་ཀྲུང་གོའི་དཔེ་སྐྲུན་གྱི་སྲིད་གཞུང་བྱ་དགའ་ཐོབ།
རྩོམ་པ་པོ། ལྷ་མོ་ཚེ་སྐྱིད་ཀྱིས་བསྒྱུར། རྩོམ་སྒྲིག་པ། Lhamo དུས་ཚོད། 2018-1-19 10:47:00 རྩོམ་ཁུངས། མཚོ་སྔོན་པོ་དྲ་བ། ཀློག་གྲངས།

     ཉེ་ལམ། རྒྱལ་ཁབ་གསར་འགྱུར་དཔེ་སྐྲུན་རྒྱང་སྒྲོག་བརྙན་འཕྲིན་སྤྱི་ཁྱབ་ཅུས་ཁྱབ་བསྒྲགས་བྱས་པ་ལྟར་ན། མཚོ་ལྷོ་ཁུལ་གསེར་ཆེན་རྫོང་བོད་སྐད་ཡིག་བྱ་བའི་ཨུ་ཡོན་ལྷན་ཁང་གཞུང་སྒྲུབ་ཁང་གིས་འཚོལ་སྡུད་དང་ལེགས་སྒྲིག་བྱས་ཤིང་མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་གིས་པར་དུ་བསྐྲུན་པའི《སུམ་པ་ཡེ་ཤེས་དཔལ་འབྱོར་གྱི་གསུང་རྩོམ་ཕྱོགས་བསྒྲིགས》(གཤམ་དུ《གསུང་རྩོམ་ཕྱོགས་བསྒྲིགས》ཞེས་བསྡུས)ལ་སྐབས་བཞི་བའི་ཀྲུང་གོའི་དཔེ་སྐྲུན་གྱི་སྲིད་གཞུང་བྱ་དགའ་ཐོབ།
     《གསུང་རྩོམ་ཕྱོགས་བསྒྲིགས》འདི་ལེགས་སྒྲིག་དང་དཔེ་སྐྲུན་གནང་བ་ནི་གསེར་ཆེན་རྫོང་ཨུ་དང་རྫོང་སྲིད་གཞུང་གིས་བཏོན་པའི“རིག་གནས་ཀྱི་རྫོང་གྲགས་ཅན”བསྐྲུན་པའི་དམིགས་འབེན་གྱི་དགོངས་དོན་མངོན་འགྱུར་བྱེད་པ་མ་ཟད། རིག་གནས་རང་རློམ་ཇེ་དྲག་དང་། མི་རིགས་ཀྱི་རིག་གནས་རྒྱུན་འཛིན། མི་རིགས་ཀྱི་སྙིང་སྟོབས་དར་སྤེལ། འཆམ་མཐུན་སྤྱི་ཚོགས་འཛུགས་སྐྲུན། མི་རིགས་མཐུན་སྒྲིལ་ཇེ་དམ་དུ་གཏོང་བའི་རིག་གནས་རང་རྟོགས་ཀྱིས་ལག་ལེན་བྱེད་པ་ཞིག་ཡིན། “རིག་གནས་ཀྱི་སྟོབས་ཆེན་རྒྱལ་ཁབ”འཛུགས་སྐྲུན་བྱེད་པའི་དུས་རབས་ཀྱི་གོ་སྐབས་འོག་འདིར། གསེར་ཆེན་རྫོང་བོད་སྐད་ཨུས་རང་འགུལ་གྱིས་ལས་འགན་འདི་ཕྲག་ཏུ་བླངས།
     2012ལོར། སུམ་པའི་གསུང་རྩོམ་འཚོལ་སྡུད་དང་ལེགས་སྒྲིག་བྱ་བ་དངོས་སུ་མགོ་བརྩམས་པ་ནས་བཟུང་། རྫོང་ཨུ་དང་རྫོང་སྲིད་གཞུང་གི་རྒྱབ་སྐྱོར་ཆེན་མོའི་འོག རྫོང་བོད་སྐད་ཨུས་ལས་དོན་འདི་མི་རིགས་ཀྱི་གནའ་དཔེ་དཔྱད་ཡིག་མྱུར་སྐྱོབ་དང་སྲུང་སྐྱོབ་བྱེད་པའི་འགན་འཁྲིར་དགོངས་ཏེ། རྩོམ་སྒྲིག་མི་སྣ་ཡོངས་ཀྱི་དུས་ཡུན་རིང་བོའི་འབད་བརྩོན་འོག 《གསུང་རྩོམ་ཕྱོགས་བསྒྲིགས》འདི2016ལོར་དངོས་སུ་པར་བསྐྲུན་འགྲེམ་སྤེལ་བྱས་ལ། ལོ་དེའི་ཟླ7པར་གསེར་ཆེན་རྫོང་དུ་འགྲེམ་སྤེལ་མཛད་སྒོ་དང་དཔེ་སྐྲུན་བཞུགས་མོལ་གྲོས་ཚོགས་བསྡུས་ཏེ། རྒྱལ་ཁབ་ཕྱི་ནང་གི་བོད་རིག་པའི་ཆེད་མཁས་པ་དང་འབྲེལ་ཡོད་འགོ་ཁྲིད་བཅས་མི50ལྷག་ཐེངས་འདིའི་གྲོས་ཚོགས་སུ་ཞུགས།
     《གསུང་རྩོམ་ཕྱོགས་བསྒྲིགས》འདི་འགོ་ཁྲིད་ཚན་ཆུང་བཙུགས་པ་ནས་ལས་གཞི་བརྩོན་ལེན་དང་། འཚོལ་སྡུད། ལེགས་སྒྲིག རྩོམ་སྒྲིག་པར་སྐྲུན་བཅས་བར་དུ་ལོ་ངོ5ལྷག་ཟིན་ཞིང་། མི་སྣ40ལྷག་དེའི་བྱ་བར་ཞུགས་པ་དང་། མ་དངུལ་སྒོར་ཁྲི150ལྷག་བཏང་། ལེགས་སྒྲིག་ལེགས་འགྲུབ་བྱུང་བའི《གསུང་རྩོམ་ཕྱོགས་བསྒྲིགས》ལ་ཁྱོན་པོད20དང་བརྩམས་ཆོས85། ཡིག་འབྲུ་ཁྲི800ལྷག་འདུས་ཤིང་། ནང་དོན་ཐད་ནང་བསྟན་དང་ལོ་རྒྱུས། རྣམ་ཐར། བོད་ཀྱི་རྩོམ་རིག  རྩིས་རིག་པ་དང་བོད་ཀྱི་གསོ་རིག་སོགས་སྣ་འཛོམས་འདུས།
     འདིས་བོད་ཀྱི་སྲོལ་རྒྱུན་རིག་གནས་འཕེལ་རྒྱས་ལ་སྐུལ་འདེད་ཀྱི་ནུས་པ་ཐོན་པ་མ་ཟད། མཚོ་སྔོན་གྱི་ལོ་རྒྱུས་དཔྱད་གཞི་ཡིག་ཆའི་ཁ་གསབ་དང་འཐུས་ཚང་བར་བྱས་རྗེས་ཆེན་པོ་བཞག


འདི་རུ་དཔྱད་བརྗོད་འཇོག་པའམ་ཡང་ན་དཔྱད་བརྗོད་ལ་གཟིགས་ཆོག
དཔྱད་འཇོག་ཤོག་ངོས་ཕབ་བཞིན་པ།
正在加载评论列表...