སྡེབ་ངོས་རྩོམ་ཡིག་ཀློག་ཐབས།
དཀར་རིལ་མནན་ཏེ་རིགས་དབྱེ་ལ་ལྟ་བ།
དཔའ་རིས་གླུ་གཞས་གཅེས་བསྡུས་འོད་སྡེར་ཉེ་ལམ་འགྲེམ་སྤེལ་བྱས།
རྩོམ་པ་པོ། མི་གསལ། རྩོམ་སྒྲིག་པ། Lhamo དུས་ཚོད། 2018-4-16 14:33:00 རྩོམ་ཁུངས། མཚོ་སྔོན་པོ་དྲ་བ། ཀློག་གྲངས།

     ཏང་གི་མི་རིགས་རིག་གནས་སྲིད་ཇུས་ཡང་དག་པ་ལས་དཔའ་རིས་བོད་ཀྱི་དམངས་གླུ་འདི་ཉིས་སྟོང་བརྒྱད་ལོར་རྒྱལ་ཁབ་རིམ་པའི་དངོས་མིན་ཤུལ་བཞག་རིག་གནས་སྲུང་སྐྱོབ་ཀྱི་གྲས་སུ་ཆུད་དེ། དཔའ་རིས་རྫོང་ཨུ་དང་སྲིད་གཞུང་གི་ཐུགས་ཁུར་འོག་ངེད་ལས་ཤག་གིས་སྟོབས་ཤུགས་ཡོད་དགུ་བཏོན་ཏེ། སྲུང་སྐྱོབ་དང་རྒྱུན་འཛིན་གྱི་བྱ་གཞག་ཅི་ཐུབ་སྤེལ་ཏེ་འབྲས་བུ་ཙམ་ཐོབ་ཡོད། ཉེ་ལམ། དཔའ་རིས་གླུ་གཞས་གཅེས་བསྡུས་ཞེས་པའི་འོད་སྡེར་ཞིག་ལེགས་གྲུབ་བྱུང་ཏེ་པར་སྐྲུན་འགྲེམ་སྤེལ་བྱུང་།

     དཔའ་རིས་གླུ་གཞས་གཅེས་བསྡུས་ཞེས་པའི་འོད་སྡེར་འདིའི་ནང་དུ་དཔའ་རིས་དམངས་གླུ་སྟོད་ཆ་དང་སྨད་ཆ། དཔའ་རིས་ལ་གཞས་སམ་དཔའ་རིས་ཡུལ་གྱི་དམངས་གླུ་འགྲན་ཚོགས་ཡུལ་དངོས་བཅས་པ་འོད་སྡེར་བཞི་དང་དེ་དག་གི་གླུ་ཚིག་རྣ་བའི་བདུད་རྩི་ཞེས་པའི་དེབ་ཆུང་གཅིག་དང་བཅས་པ་བསྡུས་ཡོད། འདི་དག་གི་གླུ་ཚིག་དང་གླུ་ངག་འདེམས་བསལ་ལ་དཔའ་རིས་དམངས་ཁྲོད་ཀྱི་གླུ་བ་རྒན་པ་དག་ལྷན་དུ་འཛོམས་ནས་ཐེངས་མང་བོར་ཞིབ་དཔྱད་བྱས་ཏེ་དེང་སྐབས་དཔའ་རིས་དམངས་ཁྲོད་དུ་ཉམས་ལ་ཉེ་བ་དང་། རྒྱུན་དུ་ལེན་བཞིན་པ་ཡོད་ཚད་བསྡུ་ལེན་གང་ཐུབ་བྱས་ཡོད།  གླུ་ངག་གི་སྒྲ་དབྱངས་ལའང་རམ་དཀྲོལ་རོལ་མོ་སོགས་ཅི་ཡང་མེད་པར་དཔའ་རིས་ཡུལ་གྱི་གདོད་མའི་ལེན་ལུགས་ཤ་སྟག་ལྟར་ཕབ་ཡོད། འོད་སྡེར་འདིའི་རྒྱབ་ལྗོངས་བརྙན་རིས་ཀྱང་གླུ་བ་གླུ་མ་དག་དཔའ་རིས་ལ་ལུང་ཀུན་ཏུ་ཆས་ཏེ་ཡུལ་ལྗོངས་མཛེས་ས་དང་ས་གནས་ལེགས་སར་ཕབ་ཏེ་ལྟ་བ་བོ་ཀུན་གྱི་མིག་གི་གསོས་སུ་གྱུར་གང་ཐུབ་བྱས་ཡོད། དེ་མ་ཟད་གླུ་ཚིག་དང་འབྲེལ་ཡོད་ཀྱི་དམངས་སྲོལ་ཆ་ལུགས་དང་ཐོན་སྐྱེད་རྣམ་པ་སོགས་ཀྱང་ཇི་མ་ཇི་བཞིན་དུ་ཕབ་ཡོད།

     དཔའ་རིས་གླུ་གཞས་གཅེས་བསྡུས་ཞེས་པའི་འོད་སྡེར་འདི་ཉིད་མདོ་སྨད་དཔའ་རིས་དམངས་སྲོལ་རིག་གནས་ལ་དུངས་སེམས་འཆིང་བ་དང་ཞིབ་འཇུག་ལས་ལ་འབད་པ་ཚོར་རྒྱུ་ཆ་གྱ་ནོམ་པ་ཞིག་འབུལ་ཡོད་ལ། ན་གཞོན་དག་ལ་གནའ་མིའི་གླུ་ཚིག་སྦྱོར་སྟངས་དང་ངག་གི་དབྱངས་རྟ་འགུགས་ལུགས་སོགས་ལ་བསླབ་སྦྱང་གི་མཐུན་རྐྱེན་ལེགས་པོ་བསྐྲུན་ཡོད་པ་མ་ཟད་མུ་མཐུད་དུ་ཏང་དང་སྲིད་གཞུང་གིས་མི་རིགས་རིག་གནས་འཛིན་སྐྱོང་སྤེལ་གསུམ་གྱི་ལས་གཞི་མིག་འབྲས་བཞིན་གཅེས་ཏེ་གང་ཡག་གང་ལེགས་སུ་སྒྲུབ་བཞིན་ཡོད་པ་མཚོན་ཡོད།


འདི་རུ་དཔྱད་བརྗོད་འཇོག་པའམ་ཡང་ན་དཔྱད་བརྗོད་ལ་གཟིགས་ཆོག
དཔྱད་འཇོག་ཤོག་ངོས་ཕབ་བཞིན་པ།
正在加载评论列表...