སྡེབ་ངོས་རྩོམ་ཡིག་ཀློག་ཐབས།
དཀར་རིལ་མནན་ཏེ་རིགས་དབྱེ་ལ་ལྟ་བ།
རྒྱལ་ཁབ་དམངས་ཨུའི་སྐད་གཉིས་འཆམ་མཐུན་སྡེ་བ་བསྐྱེད་སྲིང་དང་། དཔའ་རིས་དམངས་གླུའི་རྒྱུད་ཁྲིད་བྱ་འགུལ།
རྩོམ་པ་པོ། མི་གསལ། རྩོམ་སྒྲིག་པ། Lhamo དུས་ཚོད། 2018-5-2 14:49:00 རྩོམ་ཁུངས། མཚོ་སྔོན་པོ་དྲ་བ། ཀློག་གྲངས།

     སྤྱི་ཟླ4བའི་ཚེས28ཉིན། དཔའ་རིས་རྫོང་བོད་ཡིག་ལས་ཤག་གིས་དཔའ་རིས་རབ་རྒྱས་ཡུལ་ནས་བདེ་ཆེན་སྡེ་བའི་མང་ཚོགས་མང་ཤས་དང་། དམངས་སྲོལ་རིག་གནས་རྒྱུད་འཛིན་པ། དམངས་ཁྲོད་གླུ་བ་གླུ་མ། རྫོང་མཁར་གྱི་བོད་ཡིག་དགེ་རྒན་དུ་མ་དང་བཅས་མི50ལྷག་བསྡུས་ནས། རྒྱལ་ཡོངས་ཡུལ་གྲུ་ཀུན་ཏུ་ཏང་གི་སྐབས་བཅུ་དགུ་བའི་ཚོགས་འདུའི་དགོངས་དོན་དྲིལ་བསྒྲགས་ལག་བསྟར་དང་མི་རིགས་མཐུན་སྒྲིལ་གྱི་བྱ་བཞག་ཡར་ཟླ་བཞིན་འཕེལ་བཞིན་པར་ཁ་ཕྱོགས་ཏེ། རྒྱལ་ཁབ་དམངས་ཨུའི་སྐད་གཉིས་འཆམ་མཐུན་སྡེ་བ་བསྐྱེད་སྲིང་ལས་གཞི་དང་། རྒྱལ་ཁབ་རིམ་པའི་གཟུགས་འདས་རིག་གནས་ཤུལ་བཞག་སྟེ་དཔའ་རིས་དམངས་གླུའི་རྒྱུད་ཁྲིད་བྱ་འགུལ་དེ་དཔའ་རིས་རྫོང་མི་རིགས་སློབ་འབྲིང་དུ་གཟབ་རྒྱས་ངང་སྤེལ།

     ཐེངས་འདིའི་ལས་འགུལ་ཁག་གཉིས་སུ་བགོས་སྟེ། སྔ་དྲོར་རྫོང་མི་རིགས་དགེ་འོས་སློབ་གྲྭའི་ལས་འཁྱུར་དགེ་རྒན་དབང་གྲགས་གདན་དྲངས་ནས་བོད་རྒྱ་སྐད་གཉིས་ཀྱིས་ཏང་གི་ཚོགས་ཆེན་དགུ་བའི་དགོངས་དོན་བསྐྱར་སྦྱོང་དང་། བོད་ཀྱི་མཁས་དབང་རྡོ་རིང་བསྟན་འཛིན་དཔལ་འབྱོར་གྱི་སྒྲུང་རྩོམ་བྱ་སྤྲེལ་གཏམ་རྒྱུད་དཔའ་རིས་ཡུལ་སྐད་དང་རྒྱའི་སྤྱི་སྐད་ཀྱིས་བརྗོད་བྱ་རྗོད་བྱེད་གོ་བདེ་བའི་ངང་འཆད། གཏམ་རྒྱུད་འདིའི་ཀྱག་ཀྱོག་གི་བརྒྱུད་རིམ་བྱ་རིགས་དང་སྤྲེལ་རིགས་བར་འགལ་ཟླ་བྱུང་ཚུལ། འགལ་ཟླའི་འཕེལ་རིམ། ཐ་མའི་འདུམ་ཚུལ་སོགས་སྤྲོ་སྣང་ལྡན་པའི་སྒོ་ནས་ཀུན་ལ་ཁ་ཏ་སློབ་གསོའི་ཚུལ་དུ་འཆད་པས། ཉན་པ་བོ་ཀུན་གྱིས་མཐུན་སྒྲིལ་ལ་གོ་རྟོགས་གསར་བ་ཞིག་དང་། སྒྲུང་རྩོམ་ཀློག་འདོན་ལས་བོད་རང་གི་སྐད་ཆའི་སྒྱུ་རྩལ་ལ་དུངས་ཆེན་སྔར་ལས་ཇེ་ཆེར་བཏང་།

     ཕྱི་དྲོར་གྲོང་ཁྱེར་རིམ་པའི་དཔའ་རིས་དམངས་གླུ་རྒྱུད་འཛིན་པ་ཕྱུག་འཛོམས་སྐྱིད་ལགས་ཀྱིས་གཙོ་འགན་ཁུར་ཏེ་གཞོན་རབས་པ་རྣམས་ལ་དཔའ་རིས་གླུ་ཤགས་ཀྱི་ངག་གི་འགུགས་སྟངས་དཔེ་སྟོན་དང་། དེའི་ཁྱད་ཆོས་སྐོར་ཞུགས་མཁན་རྣམས་ལ་གསལ་བཤད་བྱས། དེ་ནས་དམངས་ཁྲོད་གླུ་བ་མཆོག་གསུམ་སྲུང་དང་གླུ་མ་སྒྲོལ་མ་རྣམ་གཉིས་ཀྱིས་དཔའ་རིས་གླུ་ཤགས་བླངས་ཏེ་ཀུན་གྱིས་ཡིད་སེམས་བཀུག་པ་དང་། མཇུག་ཏུ་གླུ་བ་གླུ་མ་གཞོན་པ་རྣམས་ཀྱིས་ལད་ཟློས་སློབ་སྦྱོང་བྱས།

     ཏང་གི་སྲིད་ཇུས་དྲོན་མོ་ཡིས་དཔའ་རིས་ཡུལ་དུ་བོད་རྒྱ་སྐད་གཉིས་ལ་སློབ་སྦྱོང་དང་། མི་རིགས་ཀྱི་མི་རབས་མི་ཐོག་ལས་མཆེད་ཡོང་བའི་རིག་གནས་ཤུལ་བཞག་འདི་འཛིན་སྐྱོང་སྤེལ་གསུམ་གྱི་གར་སྟེགས་ཡག་པོ་ཞིག་བསྐྲུན་ནས་དམངས་སྲོལ་རིག་གནས་ཀྱི་ཁོར་ཡུག་སྟུག་པོ་འདི་ཀུན་གྱི་བསམ་པའི་ཟབ་སར་རང་འཐིམས་དང་མི་རིགས་མཐུན་སྒྲིལ་གྱི་ལས་ལ་བརྩོན་བཞིན་པ་དགེའོ།།


འདི་རུ་དཔྱད་བརྗོད་འཇོག་པའམ་ཡང་ན་དཔྱད་བརྗོད་ལ་གཟིགས་ཆོག
དཔྱད་འཇོག་ཤོག་ངོས་ཕབ་བཞིན་པ།
正在加载评论列表...