སྡེབ་ངོས་རྩོམ་ཡིག་ཀློག་ཐབས།
དཀར་རིལ་མནན་ཏེ་རིགས་དབྱེ་ལ་ལྟ་བ།
འཇིགས་མེད་བོད་སྨན་ཁང་གིས་རིན་མེད་སྨན་བཅོས་དང་སྨན་རྫས་ཞལ་འདེབས་ཕུལ་བ།
རྩོམ་པ་པོ། བསོད་རྡོ། རྩོམ་སྒྲིག་པ། Lhamo དུས་ཚོད། 2018-7-26 10:32:00 རྩོམ་ཁུངས། མཚོ་སྔོན་པོ་དྲ་བ། ཀློག་གྲངས།

     ཉེ་ཆར། མཚོ་སྔོན་འཇིགས་མེད་བོད་ལུགས་གསོ་རིག་སྨན་ཁང་གིས་རིན་མེད་སྨན་བཅོས་དང་སྨན་རྫས་ཞལ་འདེབས་སུ་ཕུལ་བའི་བརྩེ་སེམས་བྱ་འགུལ་མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་གྱི་ས་ཆ་སོ་སོ་རུ་སྤེལ་འགོ་བརྩམས། 
     ཟླ་འདིའི་ཟླ་དཀྱིལ་ནས་བཟུང་། མཚོ་སྔོན་འཇིགས་མེད་བོད་གསོ་སྨན་ཁང་གི་ཕྱོགས་བསྡུས་ཆེད་མཁས་སྨན་པ་དང་སྨན་བཅོས་མི་སྣས་གྲུབ་པའི་སྨན་བཅོས་ཞབས་ཕྱི་རུ་ཁག་སྔ་གཞུག་ཏུ་མཚོ་ནུབ་ཁུལ་གཏེར་ལམ་རྫོང་པན་ཆེན་ཤངས་སྡེ་གྲོང་རྡལ་དང་ན་གོར་མོ། གཏེར་ལེན་ཁ། དབུལ་ལམ་རྫོང་། ཐེམ་ཆེན་རྫོང་བཅས་སུ་སོང་ནས་བརྩེ་སེམས་མང་ཚོགས་ལ་སྦྲེལ་ཏེ་དམངས་ཀྱི་ནད་སྡུག་སེལ་བའི་སྨན་བཅོས་ཞབས་ཕྱིའི་བྱ་འགུལ་སྤེལ་ཞིང་། རྒྱུན་མཐོང་ནད་ཀྱི་སྨན་རྫས་རིན་མེད་སྒོས་དཀའ་ངལ་མང་ཚོགས་ལ་ཞལ་འདེབས་སྦྱིན་ནས་དམངས་ལ་ཕན་བདེ་བསྐྲུན།

     གསར་འགོད་པས་གཏེར་ལེན་ཁ་གྲོང་ཁྱེར་འཇིགས་བོད་སྨན་སྒོ་བསྟེན་སྨན་ཁང་དུ་སྨན་བཅོས་མི་སྣས་སྨན་རྫས་ཞལ་འདེབས་གཏོང་བར་ཁོམ་ལོང་བྲེལ་བར་འདུག་པ་མཐོང་ལ། རྒྱ་ཆེའི་ནད་པ་མང་ཚོགས་སྔ་མོ་ཞིག་ནས་སྒོ་བསྟེན་སྨན་ཁང་དུ་འཚང་ཁ་ཤིག་ཤིག་ངང་སྨན་སྦྱིན་ལ་རེ་སྒུག་བྱས་ཡོད་པ་དང་། ལོ་ལོན་དང་བྱིས་པ་རྣམས་སྒོ་བསྟེན་སྨན་ཁང་གི་ངལ་གསོ་འདུག་སྟེགས་སུ་བཀོད་སྒྲིག་བྱས་ཏེ་སྨན་བཅོས་བརྟག་དཔྱད་ལ་སྒུག་པར་གྲ་སྒྲིག་བྱེད་བཞིན་ཡོད།

     མཚོ་སྔོན་འཇིགས་མེད་བོད་གསོ་སྨན་ཁང་ནི་སྨན་བཅོས་ལག་རྩལ་གཙོ་བྱས་ཚན་རིག་ཞིབ་འཇུག་དང་མི་ལུས་བདེ་སྲུང་གི་བྱ་བ་སོགས་གཅིག་ཏུ་འདུས་པའི་ཕྱོགས་བསྡུས་རང་བཞིན་ཅན་གྱི་མི་རིགས་གསོ་རིག་གི་སྨན་ཁང་ཞིག་ཡིན། སྨན་ཁང་གིས་ཉེ་བའི་ལོ་འགའི་ཚུན་ལ། རྒྱ་ཆེའི་ནད་པ་མང་ཚོགས་ལ་བྱམས་བརྩེའི་སྨན་སྦྱིན་དང་རིན་མེད་སྨན་བཅོས་ཀྱི་བྱ་འགུལ་རབ་དང་རིམ་པ་སྤེལ་བཞིན་ཡོད། གཅིན་སྙི་ཟ་ཁུའི་ནད་དང་མཁྲིས་པའི་རྡོ་སྐྲན། མཆིན་འབྲས་དང་གྲུམ་བུ་སོགས་གསོ་བཅོས་གང་ལེགས་བྱས་ལ། ཁྱད་པར་དུ་གཏར་ག་དང་གསེར་ཁབ། མེ་བཙའ་དང་ལུམས་སོགས་ཀྱི་བོད་ལུགས་གསོ་རིག་གི་ཐུན་མོང་མ་ཡིན་པའི་གསོ་བཅོས་ལག་རྩལ་སྣ་ཚོགས་སྤྱད་ནས་ཕན་འབྲས་མངོན་གསལ་བླངས་བས་ཕྱོགས་སོ་སོའི་ནད་པ་རྣམས་ཀྱིས་དགའ་བསུ་ཐོབ།

     ཐེངས་འདིའི་སྨན་སྦྱིན་བྱ་འགུལ་ཁྲོད་སྨན་བཅོས་རུ་ཁག་གིས་ནད་ལ་ལྟ་བ་དང་སྨན་རྫས་སྟེར་བ་གཉིས་ཟུང་འབྲེལ་བྱས་ཏེ་ནད་པ་མང་ཚོགས་ལ་ཕན་བདེ་དང་རོགས་འདེགས་གང་མང་བྱས་ཤིང་། ནད་པའི་རིགས་ལ་ཁྲག་ཤེད་མཐོ་བའི་ལོ་ལོན་དང་སྙིང་ནད་ཅན་གྱི་བྱིས་པ་སོགས་ཡོད་པ་ལ། ཆེད་མཁས་སྨན་པས་ཡུལ་དངོས་སུ་རྩ་ལ་བརྟག་པ་དང་ཁྲག་ཤེད་ལ་བརྟག་པ་སོགས་ཀྱི་རྣམ་པ་བརྒྱུད་དེ་དྲི་བར་ལན་འདེབས་པ་དང་ནད་ལ་ཕན་པའི་སྨན་སྣ་ཡོད་ཚད་དུས་ཐོག་ཏུ་རིགས་སོ་སོའི་ནད་པ་མང་ཚོགས་ཀྱི་ལག་ཏུ་བཞག་ནས་བརྩེ་སེམས་ཕུལ།

     རྒྱུས་ལོན་པ་ལྟར་ན། ཐེངས་འདིའི་མཚོ་སྔོན་འཇིགས་མེད་བོད་གསོ་སྨན་ཁང་གིས་མཚོ་ནུབ་ཁུལ་གྱི་སྨན་སྦྱིན་དང་སྨན་བཅོས་བྱ་འགུལ་ཁྲོད་སྒོ་བསྟེན་སྨན་ཁང་ས་ཚུགས་སོ་སོའི་ས་ཁུལ་དུ་སྡོམ་པས་སྒོར་འབུམ་གཅིག་དང་ཁྲི་དྲུག་གིས་སྨན་རྫས་ཞལ་འདེབས་སུ་ཕུལ་ཞིང་། རིགས་སོ་སོའི་ནད་པ་ཆིག་སྟོང་ཆིག་བརྒྱ་ལྷག་ལ་རིན་མེད་སྨན་བཅོས་བྱས་ནས་མང་ཚོགས་ལ་ཕན་བདེ་བསྐྲུན། ད་ལོའི་ཚུན་ལ། མཚོ་སྔོན་འཇིགས་མེད་བོད་གསོ་སྨན་ཁང་གིས་སྨན་བཅོས་སྨན་སྦྱིན་བྱ་འགུལ་འདི་མཚོ་སྔོན་ཞིང་ཆེན་གྱི་ཁུལ་དྲུག་གི་སྒོ་བསྟེན་སྨན་ཁང་ཞེ་བརྒྱད་ཀྱི་ས་ཚུགས་སོ་སོ་ལས། གཞན་ད་དུང་ཀན་སུའུ་དང་ཟི་ཁྲོན་སོགས་ཀྱི་སྒོ་བསྟེན་སྨན་ཁང་སོ་སོ་སྟེ་ཁྱོན་བསྡོམས་སྒོ་བསྟེན་སྨན་ཁང་བདུན་ཅུ་ལྷག་གི་ས་ཚུགས་དང་ས་ཁུལ་དུ་མུ་མཐུད་བྱམས་བརྩེའི་སྨན་བཅོས་སྨན་སྦྱིན་གྱི་བྱ་འགུལ་སྤེལ་རྒྱུ་རེད།


འདི་རུ་དཔྱད་བརྗོད་འཇོག་པའམ་ཡང་ན་དཔྱད་བརྗོད་ལ་གཟིགས་ཆོག
དཔྱད་འཇོག་ཤོག་ངོས་ཕབ་བཞིན་པ།
正在加载评论列表...