སྡེབ་ངོས་རྩོམ་ཡིག་ཀློག་ཐབས།
དཀར་རིལ་མནན་ཏེ་རིགས་དབྱེ་ལ་ལྟ་བ།
2018ལོའི་འཛམ་ཐང་རྫོང་གི་རྟ་རྒྱུག་འགྲན་ཚོགས་སྤེལ་བ།
རྩོམ་པ་པོ། མི་གསལ། རྩོམ་སྒྲིག་པ། Lhamo དུས་ཚོད། 2018-8-16 9:40:00 རྩོམ་ཁུངས། གངས་ལྗོངས་ཉི་གཞོན། ཀློག་གྲངས།

     སྤྱི་ཟླ8པའི་ཚེས13ཉིན་གྱི་སྔ་དྲོར། 2018ལོའི་ཛམ་བྷ་ལའི་རྟ་རྒྱུག་འགྲན་ཚོགས་ཆེན་མོ་འཛམ་ཐང་རྫོང་གི་ན་མདའ་ནོར་བུའི་ཐང་དུ་སྤེལ། ཡུལ་ལྷ་གཞི་བདག་ལ་ལྷ་བསང་གཏོང་བ་དང་། ངོ་མཚར་ཆེ་བའི་སྐྱ་རྩལ་འཁྲབ་སྟོན། དགའ་བདེའི་སྣང་བས་ཕྱུག་པའི་གླུ་དང་རོལ་མོའི་ཁྲོད་ནས་ཉིན་དྲུག་རིང་གི་རྟ་རྒྱུག་འགྲན་ཚོགས་ཆེན་མོ་དངོས་སུ་འགོ་ཚུགས།
     ཐེངས་འདིའི་རྟ་རྒྱུག་འགྲན་ཚོགས་ཀྱི་དགོངས་དོན་ནི་མི་རིགས་ཀྱི་སྲོལ་རྒྱུན་ལུས་རྩལ་རིག་གནས་ལ་སྔར་ལས་ལྷག་པར་རྒྱུད་འཛིན་དང་གོང་འཕེལ་བཏང་སྟེ། འབྲོག་དམངས་ཀྱི་རིག་གནས་འཚོ་བ་ཕུན་སུམ་ཇེ་ཚོགས་སུ་གཏོང་བ་དང་། ཕྱི་ཕྱོགས་སུ་དམངས་ཁྲོད་རིག་གནས་བརྗེ་རེས་བྱེད་པའི་ལམ་བུ་རྒྱ་བསྐྱེད་དང་། འཛམ་ཐང་རྫོང་དང་མཐའ་འཁོར་གྱི་རྫོང་དག་གི་འཆམ་མཐུན་མཉམ་གནས་དང་། མཐུན་སྒྲིལ་ཡར་སྐུལ་གྱི་ཆེད་ཡིན་པས། འཛམ་ཐང་རྫོང་གི་ཐུན་མིན་རིག་གནས་ཀྱི་སྒེག་ཉམས་ལེགས་པར་མངོན་པ་ལ་དོན་སྙིང་གལ་ཆེན་ལྡན།

     ཉིན་དེར་ཞིང་འབྲོག་མི་དམངས་ཀྱིས་ལུས་ལ་མཛེས་པའི་རྒྱན་བགོས་ཤིང་ལག་ལ་བཅུད་ལྡན་ཟས་མཆོག་ཐོགས་ནས། ཕྱོགས་བཞི་མཚམས་བརྒྱད་ནས་གནས་འདི་རུ་འཛོམས་ཏེ། གཡུ་ཡི་སྤང་ལྗོངས་ལ་དངུལ་གྱི་ཕྲ་བཏབ་པ་ལྟར་དུ་སྦྲ་གུར་ཕུབ་ཅིང་གཟབ་རྒྱས་ཆེ་བའི་རིག་གནས་དུས་སྟོན་འདི་ལ་མཉམ་རོལ་བྱས།
     ལམ་ཐག་རིང་བོ་ནས་ཡོང་བའི་མི་རྣམས་ཀྱིས་སྔ་མོ་ནས་རྒྱུག་རའི་མཐའ་འཁོར་གྱི་སྤང་ལྗོངས་སུ་སྦྲ་གུར་ཕུབ་ཡོད་ལ། སྦྲ་གུར་དེ་དག་ཏུ་མི་སྒེར་གྱི་སྡོད་གནས་ཡོད་ལ། ཚོང་ཁང་དང་ཟ་ཁང་ཡང་མང་དུ་ཡོད་པས། བགྲང་གིས་མི་ལང་བའི་སྦྲ་གུར་གྱི་ཚོམ་བུ་དེ་ནི་དཀར་སེར་དམར་ལྗང་གི་མེ་ཏོག་ཕོན་པོ་ཞིག་དང་འདྲ་བར་སྤང་ལྗོངས་འདིའི་མཛེས་སྡུག་གི་རྒྱན་ཆ་རུ་གྱུར་འདུག
     རྣམ་རིག་རི་དྭགས་ལ་འགྲན་པའི་རྟ་ཕོ་དང་སྐྱ་རྩལ་གླག་དང་མཉམ་པའི་རྟ་པ་དག་ནི་ཐེངས་འདིའི་འགྲན་ཚོགས་ཀྱི་མི་སྣ་གཙོ་བོ་ཡིན་ལ། ཁོ་ཚོ་གང་དུ་ཡོད་ན། དེ་རུ་བསྟོད་པའི་ཀི་སྒྲ་དང་དགའ་བའི་དགའ་འབོད་ལ་མཚམས་ཆད་པ་མེད།
     རྒྱུས་ལོན་པ་ལྟར་ན། ཚེས13ནས18བར་གྱི་ཉིན་དྲུག་གི་རིང་ལ། འཛམ་ཐང་དང་རྔ་བ། གསེར་རྟ། རྨ་ཆུ། བསང་ཆུ་སོགས་མཐའ་འཁོར་གྱི་རྫོང་7ནས་ཡོང་བའི་རྒྱུག་རྟ་300ལྷག་ལ། སྨི་1000དང་། སྨི་2000། སྨི་3000། སྨི་5000བཅས་ཀྱི་འགྲན་བསྡུར་དང་། སྨི་500ཅན་གྱི་གཡག་གཤིབ་དང་སྐྱ་རྩལ་འཁྲབ་སྟོན་བཅས་ཡོད།

     འཛམ་ཐང་གི་རྟ་རྒྱུག་དུས་ཆེན་ནི་རྔ་བ་ཁུལ་གྱི་འབྲོག་ཁུལ་གྱི་རྟ་རྒྱུག་གི་གྲུབ་ཆ་གཙོ་བོ་ཞིག་ཡིན་ལ། སི་ཁྲོན་ནུབ་བྱང་གི་གྲངས་ཉུང་མི་རིགས་ས་ཁུལ་གྱི་གཞི་རྒྱ་ཆེ་བའི་ལུས་རྩལ་འགྲན་ཚོགས་ཤིག་དང་ཐུན་མིན་ཁྱད་ཆོས་ལྡན་པའི་མི་རིགས་རིག་གནས་ཀྱི་རྟགས་མ་ཞིག་ཡིན།
     འཛམ་ཐང་གི་རྟ་རྒྱུག་འགྲན་ཚོགས་ཀྱིས་བོད་མི་དམངས་ཀྱི་ཐུན་མིན་ཡུལ་སྲོལ་མངོན་ཡོད་ལ། དེས་ས་གནས་ཀྱི་ཁྱད་ཆོས་ཅན་ལྡན་པའི་རིག་གནས་དང་། ལྗོངས་རྒྱུ། ཞིང་འབྲོག་ཐོན་ལས་ཀྱི་འཕེལ་རྒྱས་ལ་སྣེ་ཁྲིད་དེ། ས་ཁུལ་གྱི་དཔལ་འབྱོར་གོང་དུ་སྤེལ་ཅིང་། མི་རིགས་ཀྱི་རིག་གནས་ཉིང་བཅུད་རྒྱུད་འཛིན་བྱས་ཡོད།


འདི་རུ་དཔྱད་བརྗོད་འཇོག་པའམ་ཡང་ན་དཔྱད་བརྗོད་ལ་གཟིགས་ཆོག
དཔྱད་འཇོག་ཤོག་ངོས་ཕབ་བཞིན་པ།
正在加载评论列表...