སྡེབ་ངོས་རྩོམ་ཡིག་ཀློག་ཐབས།
དཀར་རིལ་མནན་ཏེ་རིགས་དབྱེ་ལ་ལྟ་བ།
རྒྱལ་ཡོངས་ཀྱི་བོད་རིག་པའི་ན་གཞོན་བགྲོ་གླེང་ཚོགས་འདུ་སྐབས་དང་པོ་པེ་ཅིང་དུ་འཚོགས་པ།
རྩོམ་པ་པོ། རྩོམ་སྒྲིག་པ། Lhamo དུས་ཚོད། 2018-9-21 11:12:00 རྩོམ་ཁུངས། མི་དམངས་དྲ་བ། ཀློག་གྲངས།

     ཟླ9བའི་ཚེས20ཉིན་གྱི་སྔ་དྲོར། རྒྱལ་ཡོངས་ཀྱི་བོད་རིག་པའི་ན་གཞོན་བགྲོ་གླེང་ཚོགས་འདུ་སྐབས་དང་པོ་པེ་ཅིང་དུ་འཚོགས་པ་དང་། ཀྲུང་དབྱང་འཐབ་ཕྱོགས་གཅིག་གྱུར་པུའུ་ཡི་པུའུ་ཀྲང་ཟུར་པ་སྲི་ཐར་དང་། ཀྲུང་གོའི་བོད་རིག་པ་ཞིབ་འཇུག་ལྟེ་གནས་ཀྱི་སྤྱི་ཁྱབ་འགན་འཛིན་པ་དགྲ་འདུལ་བགྲོ་གླེང་ཚོགས་འདུ་རུ་ཕེབས་ནས་གསུང་བཤད་གནང་། ཐེངས་འདིའི་ཚོགས་འདུ་ནི་ཀྲུང་གོའི་བོད་རིག་པ་ཞིབ་འཇུག་ལྟེ་གནས་ཀྱིས་གཙོ་གཉེར་གནང་བ་དང་། ཀྲུང་གོའི་བོད་རིག་པ་ཞིབ་འཇུག་ལྟེ་གནས་ཀྱི་བོད་རིག་པའི་ན་གཞོན་ལྷན་ཚོགས་ཀྱིས་རོགས་སྒྲུབ་བྱས་ནས་སྤེལ་ཞིང་། "དུས་རབས་གསར་པ། བསམ་གཞིགས་གསར་པ། འགན་འཁྲི་གསར་པ།"ཅེས་པ་བརྗོད་གཞི་བྱས་ཡོད། པེ་ཅིང་དང་། ཐའེ་ཝན་དང་ཤང་ཀང་འདུས་པའི་རྒྱལ་ཡོངས་ས་ཆ་ཁག་ནས་ཕེབས་པའི་བོད་རིག་པའི་ན་གཞོན་ཁྱོན་མི70ལྷག་བགྲོ་གླེང་ཚོགས་འདུ་རུ་ཞུགས་ཡོད།
     སྲི་ཐར་ལགས་ཀྱིས། དེང་རབས་ཀྱི་ཀྲུང་གོའི་བོད་རིག་པ་ནི་ཀྲུང་གོ་གསར་པ་དབུ་བརྙེས་རྗེས་སུ་བཙུགས་ཤིང་འཕེལ་རྒྱས་བྱུང་བ་ཞིག་དང་། བསྒྱུར་བཅོས་སྒོ་འབྱེད་ཀྱིས་ཀྲུང་གོའི་བོད་རིག་པའི་འཕེལ་རྒྱས་ལ་སྒུལ་ཤུགས་ཆེན་པོ་ཞིག་སྤྲད་ཡོད། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དུས་རབས་གསར་པར། བོད་རིག་པའི་ན་གཞོན་ཚོ་བསྐལ་བ་བཟང་པོ་དང་འཕྲད་ཡོད་ལ་དུས་མཚུངས་སུ་འགན་འཁྲི་ལྕི་མོའང་ཕྲག་ཏུ་བབས་ཡོད་པས། དུས་རབས་ཀྱིས་སྤྲད་པའི་ལོ་རྒྱུས་ཀྱི་འགན་འཁྲི་དང་ལས་འགན་ཕྲག་ཏུ་འཁུར་དགོས་གསུངས།

     ཁོང་གིས་རྒྱལ་ཡོངས་ཀྱི་བོད་རིག་པའི་ན་གཞོན་བགྲོ་གླེང་ཚོགས་འདུ་སྐབས་དང་པོ་ནི་ཀྲུང་གོའི་བོད་རིག་པ་ཞིབ་འཇུག་ལྟེ་གནས་ཀྱིས་བོད་ལྗོངས་ལས་དོན་སྐོར་གྱི་ཏང་ཀྲུང་དབྱང་གིས་གནང་བའི་གལ་ཆེའི་འཐབ་ཇུས་བཀོད་སྒྲིག་ཅིག་སྟེ། ཤེས་ལྡན་མི་སྣ་གསོ་སྐྱོང་བྱེད་པར་ཤུགས་སྣོན་པ་དང་། བོད་རིག་པའི་དཔུང་ཁག་འཛུགས་སྐྱོང་ལ་ཤུགས་སྣོན་བྱེད་པའི་བྱ་ཐབས་གལ་ཆེན་ཡིན་པ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས"ན་གཞོན་དར་ན་རྒྱལ་ཁབ་དར། ན་གཞོན་སྟོབས་དང་ལྡན་ན་རྒྱལ་ཁབ་སྟོབས་དང་ལྡན།"ཞེས་གསུངས་ཡོད། ཀྲུང་གོའི་བོད་རིག་པའི་ཞིབ་འཇུག་ལས་དོན་ཡང་སྙིང་ཕྱོགས་གང་ལ་འཕེལ་རྒྱས་གཏོང་བ་དང་། རྒྱལ་སྤྱིའི་བོད་རིག་པའི་སྡེ་རུ་ཡང་སྙིང་གོ་གནས་གང་འདྲ་ཞིག་ཡོད་པ་འདི་ཚད་ངེས་ཅན་ཞིག་གི་ཐོག་དུས་རབས་གསར་པའི་བོད་རིག་པའི་ན་གཞོན་ལས་དོན་པ་ཚོའི་འབད་བརྩོན་ལ་རག་ལས་ཡོད་པས། བོད་རིག་པའི་ན་གཞོན་ལས་དོན་པ་དག་གིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པས་བསམ་བློར་དྲག་ཆས་སྤྲས་ནས། ཀྲུང་གོའི་བོད་རིག་པ་ཞིབ་འཇུག་གི་ཁ་ཕྱོགས་ཐོག་མཐའ་བར་གསུམ་དུ་ཡང་དག་པར་འཛིན་དགོས་པ། གནའ་དེང་དང་རྒྱལ་ཁབ་ཕྱི་ནང་གི་བོད་རིག་པའི་ཞིབ་འཇུག་གི་སྲོལ་རྒྱུན་བཟང་པོ་དང་གྲུབ་འབྲས་གསར་ཤོས་དག་ཏན་ཏན་ཏིག་ཏིག་གི་སྒོ་ནས་སློབ་སྦྱོང་བྱས་ཏེ། ང་ཚོ་རང་གི་བྱང་ཚད་དང་འཇོན་ཐང་ཇེ་ཆེར་གཏོང་དགོས། ཏང་དང་རྒྱལ་ཁབ་ཀྱི་ལས་ཀ་སྤྱི་ཡོངས་ལ་དམ་པོར་དམིགས་ཏེ་བོད་རིག་པའི་ཞིབ་འཇུག་གི་ལས་ཀ་ཡག་པོར་སྒྲུབ་དགོས་པ་དང་། མེས་རྒྱལ་གཅིག་གྱུར་ལ་སྲུང་སྐྱོང་དང་མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན་རྒྱག་པར་ཞབས་འདེགས་ཞུ་དགོས་ཤིང་། བོད་ལྗོངས་དང་ཞིང་ཆེན་བཞིའི་བོད་ཁུལ་འཕེལ་རྒྱས་བརྟན་ལྷིང་ཡོང་བར་ཞབས་འདེགས་ཞུ་དགོས་པ་ནན་བཤད་བྱས་ཡོད།

     སྤྱི་ཁྱབ་འགན་འཛིན་པ་དགྲ་འདུལ་ལགས་ཀྱིས། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ནི་དུས་རབས་གསར་པར་བསྐྱོད་ཡོད། འདི་ནི་ཏང་དང་རྒྱལ་ཁབ་ཀྱིས་བོད་རིག་པའི་ལས་དོན་ལ་སྔར་བས་མཐོང་ཆེན་དང་། སྔར་བས་ཐུགས་ཁུར་རྒྱབ་སྐྱོར་བྱས་པ་ཡིན་ཞིང་། ང་ཚོའི་ལས་ཀའི་གྲུབ་འབྲས་ལ་རེ་བ་ཆེན་པོ་བཅོལ་བའི་དུས་རབས་ཀྱང་ཡིན། རྒྱབ་ལྗོངས་འདི་འདྲའི་འོག རྒྱ་ཆེའི་བོད་རིག་པའི་ན་གཞོན་ལས་དོན་པས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྟོན་དུ་བཟུང་ནས། "འདུ་ཤེས་བཞི"ཤུགས་ཆེར་གཏོང་བ་དང་། "གདེང་ཚོད་བཞི"བརྟན་པོར་འཛུགས་པ། རང་རྟོགས་ངང་ཏང་གི་བཀའ་ལ་ཉན་པ་དང་ཏང་གི་རྗེས་སུ་འབྲངས་ནས། རང་ཉིད་ཀྱི་རེ་སྙེག་རྒྱལ་ཁབ་ཀྱི་ཕུགས་བསམ་ནང་འདྲེས་པར་བྱེད་པ་དང་། རང་ཉིད་ཀྱི་འཕེལ་རྒྱས་སྤྱི་ཚོགས་ལོ་རྒྱུས་འཕེལ་རྒྱས་ཀྱི་ཆུ་རྒྱུན་ནང་འདྲེས་སུ་འཇུག་པ། རང་ཉིད་ཀྱི་མདུན་ལམ་དང་རྒྱལ་ཁབ་མི་རིགས་ཀྱི་མདུན་ལམ་གཞི་གཅིག་ཏུ་འདྲེས་པ་བཅས་བྱེད་པ། བོད་ལྗོངས་དང་ཞིང་ཆེན་བཞིའི་བོད་ཁུལ། ཐ་ན་རྒྱལ་ཁབ་གོང་དུ་འཕེལ་བའི་ཁྲོད་གནས་པའི་གནད་དོན་གལ་ཆེན་དག་ལ་གདོང་གཏུག་ཕོད་པ་དང་ཐག་གཅོད་ཕོད་པ་བྱས་ཏེ། རྒྱལ་ཁབ་འཕེལ་རྒྱས་དང་མི་རིགས་བསྐྱར་དར་ལ་གོ་ཆོད་པའི་མི་ཞིག་ཏུ་འགྱུར་བར་འབད་པ་བྱ་དགོས་ཞེས་གསུངས།
     ཐེངས་འདིའི་ཚོགས་འདུ་ནི་ཀྲུང་གོའི་བོད་རིག་པ་ཞིབ་འཇུག་ལྟེ་གནས་ཀྱིས་གོམ་གང་མདུན་སྤོས་ངང་ཀྲུང་གོའི་བོད་རིག་པའི་ཞིབ་འཇུག་གི་ལས་ཀ་སྣེ་ཁྲིད་དང་མཐུན་སྦྱོར་བྱེད་པ་དང་། ཀྲུང་གོའི་བོད་རིག་པའི་ཤེས་ལྡན་མི་སྣའི་དཔུང་ཁག་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བ། ཀྲུང་གོའི་བོད་རིག་པའི་ཞིབ་འཇུག་སྔར་བས་རྒྱུན་མཐུད་འཕེལ་རྒྱས་གཏོང་བ་བཅས་ཀྱི་ཆེད་དུ་བཏོན་པའི་བྱེད་ཐབས་གསར་པ་ཡིན་ཞིང་། འདི་ལ་རྒྱལ་ཡོངས་ཀྱི་མཐོ་སློབ་དང་ཚན་རིག་ཞིབ་འཇུག་ལས་ཁུངས་ཀྱི་ན་གཞོན་མཁས་དབང་དག་གི་རྒྱབ་སྐྱོར་ཤུགས་ཆེན་ཐོབ་སྟེ་ཚོགས་ཞུགས་རེ་ཞུ་ཕུལ་ཡོད། འགོ་ཚུགས་མཛད་སྒོའི་རྗེས་སུ་ཡར་སྤྲད་ཡོད་པའི་དཔྱད་རྩོམ་དག་བོད་རིག་པའི་རྨང་གཞིའི་སྐོར་གྱི་ཞིབ་འཇུག་དང་། དངོས་ཡོད་གནད་དོན་སྐོར་གྱི་ཞིབ་འཇུག  སྐད་ཡིག་རིག་གནས་སྐོར་གྱི་ཞིབ་འཇུག  བོད་ཀྱི་གསོ་བ་རིག་པའི་སྐོར་གྱི་ཞིབ་འཇུག་བཅས་རིག་ཚན་གྱི་དབྱེ་བ་ལྟར་ཚོགས་ཆུང་4ལ་བགོས་ནས་བགྲོ་གླེང་བྱ་རྒྱུ་རེད། 


འདི་རུ་དཔྱད་བརྗོད་འཇོག་པའམ་ཡང་ན་དཔྱད་བརྗོད་ལ་གཟིགས་ཆོག
དཔྱད་འཇོག་ཤོག་ངོས་ཕབ་བཞིན་པ།
正在加载评论列表...