སྡེབ་ངོས་རྩོམ་ཡིག་ཀློག་ཐབས།
དཀར་རིལ་མནན་ཏེ་རིགས་དབྱེ་ལ་ལྟ་བ།
རིག་གནས་ཀྱིས་ཕྱུར་བུར་གཏམས་པའི་ཤར་རྒྱལ་མོ་ཚ་བ་རོང་།
རྩོམ་པ་པོ། མི་གསལ། རྩོམ་སྒྲིག་པ། Lhamo དུས་ཚོད། 2018-9-30 11:51:00 རྩོམ་ཁུངས། གངས་ལྗོངས་ཉི་གཞོན། ཀློག་གྲངས།

     སྤྱི་ལོ1934ནས1936ལོའི་བར་དུ། ཀྲུང་གོའི་བཟོ་ཞིང་དམག་གིས་རྒྱལ་ཁབ་ཀྱི་དར་རྒུད་ཁུར་དུ་བསྣམས་ནས། ཆོད་པར་དཀའ་བའི་ལེ་བར་ཁྲི་གཉིས་དང་སྟོང་ལྔ་ལྷག་མི་ལྡོག་བརྟན་པའི་བརྩོན་འགྲུས་ཀྱི་རྡོག་པས་བརྫིས་ཏེ། མིའི་རིགས་ཀྱི་ལོ་རྒྱུས་ཀྱི་གླེགས་བམ་ངོས་སུ་ནམ་ཡང་བསུབ་ཏུ་མེད་པའི་རྡོ་རིང་ཀྲོང་ངེར་བསླངས་པ་ཡོངས་ལ་གྲགས་པའི་གཏམ་ཡིན། རྒྱང་སྐྱོད་ནི་མི་གྲངས་དུང་ཕྱུར་བཅུ་གསུམ་ལྷག་ལ་ཡིད་ཆེས་དང་སྤོབས་པ་བསྩལ་བའི་རུ་མ་ཡིན་ནོ།།  
     ཟླ9ཚེས26ཉིན། མདོ་སྨད་ཀྱི་རོང་ཆེན་བཞིའི་ཡ་གྱལ་ཤར་རྒྱལ་མོ་ཚ་བ་རོང་གི་ཅོག་ཙེ་རྒྱལ་མཁར་དུ། རྒྱང་སྐྱོད་རིང་མོར་སེམས་པ་ཡང་བསྐྱར་བརླན་ཞེས་པའི་བྱེད་སྒོ་སྤེལ།
     ཏང་གི་ཚོགས་ཆེན་བཅུ་དགུ་བ་ནས་བཟུང་རིག་གནས་དར་རྒྱས་གཏོང་བར་འབད་པ་ལྷུར་ལེན་བྱས་དང་བྱེད་བཞིན་ཡོད་པས། རྒྱང་སྐྱོད་རིང་མོར་སེམས་པ་ཡང་བསྐྱར་བརླན་ཞེས་རྒྱང་སྐྱོད་བཞུད་ལམ་དུ་ཡང་བསྐྱར་རྐང་ཐང་དུ་བགྲོད་པ་ཙམ་མིན་པར། གཙོ་བོ་རིག་གནས་ཤིག་གི་སྙིང་སྟོབས་ལ་སེམས་པ་བརླན་པ་ཡིན། རྒྱང་སྐྱོད་རིག་གནས་དར་རྒྱས་གཏོང་བར་ཐབས་ལམ་སྣ་ཚོགས་ཡོད་ཀྱང་། ཐབས་ལམ་ཀུན་གྱི་མཆོག་ནི་ལྗོངས་སྐོར་དང་ཟུང་དུ་འབྲེལ་བ་ཡིན། དེ་བས་རིག་གནས་དང་ལྗོངས་སྐོར་གཉིས་ནི་ཆུ་དང་འོ་མ་འདྲེས་པ་ལྟར་ཡིན་དགོས།

      དམར་དམག་རྒྱང་སྐྱོད་སྐབས་མེན་དབྱང་དང་གཡག་རྔ། དཀར་མཛེས་སོགས་བརྒྱུད་ནས་རང་ཁུལ་གྱི་ཅོག་ཙེ་རྒྱལ་མཁར་དུ་ཟླ་བཅུ་དྲུག་ལྷག་ལ་བསྡད། དེ་ལྟ་བས་ན། རྒྱང་སྐྱོད་རིག་གནས་དར་རྒྱས་གཏོང་བར་འགན་འཁུར་ཡོད་ལ་མཐུན་རྐྱེན་ཡང་འཛོམས་ཡོད། རིག་གནས་ནི་ལྗོངས་སྐོར་འཕེལ་བའི་རྩ་བ་ཡིན་ལ་ལྗོངས་སྐོར་ནི་རིག་གནས་རྒྱུད་འཛིན་དང་དར་རྒྱས་འགྲོ་བའི་གྲོགས་དན་ཡིན།
      སྐོར་བྲོ་ནི་ཞབས་བྲོ་ཀུན་གྱི་ཡུམ་ཡིན་ཞེས་བརྗོད་ཆོག་ཅིང་། ཅིའི་ཕྱིར་ཞེ་ན། མིའི་རིགས་ཀྱིས་གནའ་ནས་ད་བར་དུ་འཛིན་སྐྱོང་སྤེལ་གསུམ་བྱས་དང་བྱེད་བཞིན་ཡོད་པའི་བྲོ་གར་ཆེ་མ་ཆུང་གསུམ་དང་། སྒོས་སུ་རང་རེ་བོད་ཀྱི་བྲོ་གར་རིག་གནས་ལ་ཞིབ་ཏུ་བརྟག་ཅིང་དཔྱད་ན། དེ་དག་དང་སྐོར་བྲོའི་བར་ལ་འབྲེལ་བ་མེད་པའམ་སྐོར་བྲོའི་ཆ་མི་ལྡན་པ་གཏན་ནས་མེད། དེ་ཡང་སྐོར་བྲོའི་ལོ་རྒྱུས་ཧ་ཅང་རིང་བའི་ཚུལ་ནི། མིའི་རིགས་ལ་ལོ་རྒྱུས་ཅི་ཙམ་ཡོད་པ་ལྟར། སྐོར་བྲོ་ལའང་དེ་བཞིན་གདའ། རྒྱུ་མཚན་ནི་གནའ་རྫས་རིག་པའི་དཔྱད་འབྲས་ཏེ། སྤྱི་ལོ1973ལོར་མཚོ་སྔོན་རྟ་ཐང་རྫོང་རྟའུ་ཐང་གོང་མར་མིའི་གཟུགས་རིས་བཅོ་ལྔ་སྐོར་གསུམ་དང་། སྤྱི་ལོ1995ལོར་ཐུན་ཏེ་རྫོང་རུ་ཐང་གི་རྨ་ཆུའི་ཡ་ཁར་མི་ཉེར་བཞི་སྐོར་གཉིས་སུ་བགོས་ནས་བྲོ་འཁྲབ་བཞིན་པའི་རྣམ་པ་མཚོན་པར་བྱས་ཡོད་པའི་ཀ་ཏོ་ར་སྔོག་འདོན་བྱས་པ་དག་ནི་ལོ་ངོ་བཞི་སྟོང་ནས་ལྔ་སྟོང་ཡན་གྱི་ལོ་རྒྱུས་ལྡན་པའི་གནའ་རྫས་དངོས་ཡིན་ཚུལ་བརྗོད་པ་ལས་རྟོགས་ཐུབ།
       ས་ཡི་དགེ་བཅུ་མ་ལུས་ཚང་བའི་འབར་ཁམས་གྲོང་ཁྱེར་ལ་མདོ་སྨད་ཤར་རྒྱལ་མོ་ཚ་བ་རོང་གི་སྐོར་བྲོའི་ཕ་ས་སྨུག་པོ་ཞེས་འབོད། ཡུལ་མི་རྒན་དར་གཞོན་གསུམ་ཀུན་གྱིས་ངལ་རྩོལ་གྱི་ལས་ལ་འབད་དེ་ངལ་དུབ་ཇི་ལྟར་ཆེ་ནའང་། དྲི་ལྡན་མེ་ཏོག་རྒྱང་རིང་ཡང་བུང་བ་སྤྲིན་གྱི་ཚོགས་བཞིན་འཁོར་ཞེས་པ་ལྟར། ཚང་མ་ལྷན་དུ་འདུས་ནས་གདོང་ལ་འཛུམ་གྱིས་ཁེངས་ཤིང་ལག་པའི་ནང་ལ་ལག་པ་བཞག་སྟེ་རྐང་ལག་ཀྲབ་ཀྲབ་ཀྱིས་སྐོར་བྲོ་ལྡིང་། དེ་ལྟར་སྐོར་བྲོ་ནི་ཁོ་ཚོའི་འཚོ་བའི་ཕྱེད་ཀ་དང་ཡིད་ཀྱི་ཟས་སུ་གྱུར།

      ཟླ9ཚེས27ཉིན། རྒྱལ་མོ་ཚ་བ་རོང་གི་སྐོར་བྲོའི་རིག་གནས་ཀྱི་ལྗོངས་སྐོར་དུས་སྟོན་སྐབས་བདུན་པ་འབར་ཁམས་གྲོང་ཁྱེར་དུ་སྤེལ། ལུང་པ་རེ་ལ་ཆ་ལུགས་རེ་ཞེས་བཤད་པ་ལྟར། ལུང་པ་སོ་སོས་རང་གི་ཆ་ལུགས་སྤྲས་ནས་སྐོར་བྲོའི་རིག་གནས་ཀྱི་ལྗོངས་སྐོར་དུས་སྟོན་ལ་བལྟ་བས་ཆོག་མི་ཤེས་པའི་ལྟད་མོ་གྱ་ནོམ་པ་བསྩལ།  
      ས་བོན་མེ་ཡིས་འཚིག་པ་ལ།། མྱུ་གུ་སྔོན་པོ་ཇི་བཞིན་ནོ།། ཞེས་བཤད་པ་ལྟར། ལྗོངས་སྐོར་གྱི་ཆེད་དུ་ལྗོངས་སྐོར་སྤེལ་བར་དགོས་པ་ཆེར་མེད་དེ། གཙོ་བོ་རིག་གནས་ཀྱི་རྩ་བ་བརྟན་ཅིང་རྩེ་མོ་རྒྱས་པའི་ལྗོངས་སྐོར་སྤེལ་ཚེ། ཕྱོགས་བཞི་མཚམས་བརྒྱད་ཀྱི་མགྲོན་པོ་སྟོན་ཀའི་སྤྲིན་གྱི་འདུ་འགོད་དང་མཚུངས་པར་གནས་འདིར་བཀུག་སྟེ། རང་ཁུལ་གྱི་རྒྱང་སྐྱོད་དང་སྐོར་བྲོའི་རིག་གནས་དགའ་སྟོན་གྱི་ཡོ་ལང་རྣམ་པར་རྒྱས་པ་གོར་མ་ཆག
     ལྗོངས་སྐོར་ལས་རིགས་ཀྱིས་རིག་གནས་རྒྱུད་འཛིན་དང་དར་རྒྱས་གཏོང་བར་དགེ་མཚན་ཆེན་པོ་ལྡན་པར་མ་ཟད། ས་གནས་མི་དམངས་ཀྱི་འཚོ་བའི་ཡོང་སྒོ་ཇེ་བཟང་ཇེ་ལེགས་སུ་འགྲོ་བར་ཕན་ཆེན་པོ་ཐོགས་པས། དབུལ་བྲལ་གནད་སྒྲོལ་དང་གྲོང་གསེབ་དར་རྒྱས་འགྲོ་བར་དགེ་མཚན་བླ་མེད་ལྡན་ཅིང་། སྤྱི་ཚོགས་ཕྱོགས་ཡོངས་ནས་འབྱོར་འབྲིང་དུ་སྐྱོད་པའི་གོམ་སྟབས་ཇེ་མགྱོགས་སུ་གཏོང་བར་དགེ་མཚན་ཡང་ལྡན།
     བརྒྱ་བཤད་ཚིག་གི་རྩ་བ།། སྟོང་སྲུབ་འོ་མའི་མར་ལོ།། ཞེས་བཤད་པ་ལྟར། ཐོག་མའི་བསམ་འདུན་མི་བརྗེད་པར་རྒྱང་སྐྱོད་དང་སྐོར་བྲོའི་རིག་གནས་རྒྱུད་འཛིན་དང་། དར་རྒྱས་གཏོང་བའི་ལྗོངས་སྐོར་ལས་རིགས་ཀྱི་འགན་འཁྲི་སེམས་སུ་བཅངས་ཏེ། རྒྱང་སྐྱོད་དང་སྐོར་བྲོའི་རིག་གནས་ཀྱི་སྙིང་སྟོབས་སྲིད་མཐའི་བར་དུ་གནས་པའི་བྱ་བས་ཉིན་ལས་ཉིན་ཐུང་ཞིང་མཚན་ལས་མཚན་ཐུང་བར་བྱས་ཏེ། རིག་གནས་དང་ལྗོངས་སྐོར་གྱི་ལས་རིགས་ཡར་ངོའི་ཟླ་བ་དང་དབྱར་མཚོའི་རྗེས་སུ་མཐུན་པར་བྱས་དང་བྱེད་བཞིན་ཡོད་དོ།།


འདི་རུ་དཔྱད་བརྗོད་འཇོག་པའམ་ཡང་ན་དཔྱད་བརྗོད་ལ་གཟིགས་ཆོག
དཔྱད་འཇོག་ཤོག་ངོས་ཕབ་བཞིན་པ།
正在加载评论列表...