སྡེབ་ངོས་རྩོམ་ཡིག་ཀློག་ཐབས།
དཀར་རིལ་མནན་ཏེ་རིགས་དབྱེ་ལ་ལྟ་བ།
མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་མང་ཨེ་གྲོང་ཁྱེར་དངོས་སུ་བཙུགས།
རྩོམ་པ་པོ། བསོད་རྡོ། བདེ་སྐྱིད། རྩོམ་སྒྲིག་པ། Lhamo དུས་ཚོད། 2018-12-28 9:32:00 རྩོམ་ཁུངས། མཚོ་སྔོན་པོ་དྲ་བ། ཀློག་གྲངས།
     སྤྱི་ཟླ12པའི་ཚེས27ཉིན། མཚོ་སྔོན་ཞིང་ཆེན་མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་མང་ཨེ་གྲོང་ཁྱེར་དངོས་སུ་བཙུགས་པའི་ཚོགས་ཆེན་ཧྭ་ཐུའུ་ཀུའུ་གྲོང་རྡལ་དུ་བསྡུས།
     ཚོགས་ཆེན་གཟབ་ལ་རྒྱས་པའི་རྒྱལ་གླུའི་ཁྲོད་འགོ་བརྩམས། མཚོ་སྔོན་ཞིང་ཆེན་དམག་ཁུལ་དང་ཞིང་ཆེན་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ལྟ་སྐུལ་དོ་དམ་ཨུ་ཡོན་ལྷན་ཁང་། ཞིང་ཆེན་ཏང་ཨུའི་རྩ་འཛུགས་པུའུ། ཞིང་ཆེན་བཟོ་ལས་དང་ཆ་འཕྲིན་ཐིན། ཞིང་ཆེན་མི་ཤུགས་ཐོན་ཁུངས་ཐིན། ཞིང་ཆེན་འགྲིམ་འགྲུལ་ཐིན།ཞིང་ཆེན་ཆུ་བེད་ཐིན། ཞིང་ཆེན་རང་བྱུང་ཐོན་ཁུངས་ཐིན་བཅས་ཀྱི་འབྲེལ་ཡོད་འགོ་ཁྲིད་དང་མཚོ་སྔོན་རླངས་ཞིང་ཀུང་ཟི། མཚོ་སྔོན་ཁྲོན་ཨན་ཀུང་ཟི་བཅས་ཀྱི་འགན་ཁུར་བ་གདན་ཞུ་བྱས་ཏེ་ཚོགས་ཆེན་ལ་ཞུགས།
     མཚོ་ནུབ་ཁུལ་ཨུའི་ཧྲུའུ་ཅི་གཞོན་པའམ་ཁུལ་དཔོན་མིན་ཧྭེ་ཚོགས་ཆེན་ལ་ཞུགས་པ་མ་ཟད་གཏམ་བཤད་གནང་། ཁུལ་ཨུའི་རྒྱུན་ཨུའམ་རྩ་འཛུགས་པུའུ་ཡི་པུའ་ཀྲང་དང་་ཁུལ་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཏང་ཙུའུ་ཧྲུའུ་ཅི་རྡོ་རྗེ་ཡིས་ཚོགས་ཆེན་ལ་འགོ་འཛིན་བྱས། ཁུལ་ཨུའི་རྒྱུན་ཨུའམ་ཚྭ་འདམ་འཁོར་རྒྱུག་དཔལ་འབྱོར་ཚོད་ལྟ་ཁུལ་ཏང་གི་བྱ་བའི་ལྷན་ཁང་གི་རྒྱུན་ལས་ཧྲུའུ་ཅི་གཞོན་པ། དོ་དམ་ཨུ་ཡོན་ལྷན་ཁང་གི་རྒྱུན་ལས་ཀྲུའུ་རིན་གཞོན་པ་ཧྲི་ཚུང་བུའུ་ཡིས་རྒྱལ་ཁབ་དམངས་སྲིད་པུའུ་ཡི(མཚོ་སྔོན་ཞིང་ཆེན་མང་ཨེ་སྲིད་འཛིན་ཨུ་ཡོན་ལྷན་ཁང་དང་ལིན་ཧུའུ་སྲིད་འཛིན་ཨུ་ཡོན་ལྷན་ཁང་གཉིས་ཕྱིར་འཐེན་བྱས་ཏེ་རྫོང་རིམ་པའི་མང་ཨེ་གྲོང་ཁྱེར་གསར་བཙུགས་ཀྱི་ཆོག་མཆན་ཡིག་ཆ)དང་མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་གིས(རྒྱལ་ཁབ་དམངས་སྲིད་པུའུ་ཡིས་མཚོ་སྔོན་ཞིང་ཆེན་མང་ཨེ་སྲིད་འཛིན་ཨུ་ཡོན་ལྷན་ཁང་དང་ལིན་ཧུའུ་སྲིད་འཛིན་ཨུ་ཡོན་ལྷན་ཁང་གཉིས་ཕྱིར་འཐེན་བྱས་ཏེ་རྫོང་རིམ་པའི་མང་ཨེ་གྲོང་ཁྱེར་གསར་བཙུགས་ཀྱི་ཆོག་མཆན་ཡིག་ཆ་ལ་མོས་མཐུན་བྱུང་བའི་བརྡ་སྦྱོར་སྐོར་གྱི་ཡིག་ཆ)སྒྲོག་འདོན་བྱས། མཚོ་ནུབ་ཁུལ་ཨུའི་རྒྱུན་ཨུའམ་དྲུང་ཡིག་ཆེན་མོ་ཏིན་ཀྲུང་པའོ་ཡིས་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་། ཞིང་ཆེན་སྲིད་གཞུང་། ཞིང་ཆེན་སྲིད་གྲོས་བཅས་ཀྱི་ཤིས་ཚིག་སྒྲོག་འདོན་བྱས། རྡོ་རྗེ་ཡིས་མཚོ་ནུབ་ཁུལ་ཨུའི་འབྲེལ་ཡོད་གཏན་འབེབས་སྒྲོག་འདོན་བྱས།
     ཚོགས་ཆེན་སྟེང་། མིན་ཧྭེ་དང་ཁུལ་སྲིད་གྲོས་ཀྱི་ཀྲུའུ་ཞི་ཀླུ་ཁོ་རྒྱལ་གཉིས་ཀྱིས་ཀྲུང་གུང་མང་ཨེ་གྲོང་ཁྱེར་ཏང་ཨུའི་སྒོ་བྱང་གི་ཡོལ་བ་ཕྱེ། ཞིང་ཆེན་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་རྒྱུན་ཨུའམ་ཞིང་ཆེན་ལྟ་སྐུལ་དོ་དམ་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་བའེ་ཆྰང་དང་ཁུལ་ཨུའི་རྒྱུན་ཨུའམ་ཁུལ་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི། ཁུལ་ལྟ་སྐུལ་དོ་དམ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཆའོ་བུན་ལིས་གཉིས་ཀྱིས་ཀྲུང་གུང་མང་ཨེ་གྲོང་ཁྱེར་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་སྒོ་བྱང་གི་ཡོལ་བ་ཕྱེ།
     མིན་ཧྭེ་ཡིས་མཚོ་ནུབ་ཁུལ་ཨུ་དང་ཁུལ་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་། ཁུལ་སྲིད་གཞུང་། ཁུལ་སྲིད་གྲོས་བཅས་ཀྱི་ཚབ་བྱས་ཏེ་མང་ཨེ་གྲོང་ཁྱེར་གསར་དུ་བཙུགས་པར་སྤྲོ་སེམས་འཁོལ་བའི་ངང་ནས་རྟེན་འབྲེལ་ཞུ། མིན་ཧྭེ་ཡིས་བསྟན་དོན། མང་ཨེ་དང་ལིན་ཧུའུ་སྲིད་འཛིན་ཨུ་ཡོན་ལྷན་ཁང་གཉིས་མཉམ་སྡེབ་བྱས་ཏེ་མང་ཨེ་གྲོང་ཁྱེར་བཙུགས་པ་ནི་ས་གནས་གཉིས་ཀྱི་གནས་བབ་ལེགས་པོའི་ཐོན་ཁུངས་གང་ལེགས་སྒོས་འདོན་སྤེལ་བྱེད་ཐུབ་པས། ས་གནས་སྲིད་དབང་འཛུགས་སྐྲུན་དང་དམངས་གཙོ་ཆབ་སྲིད་འཛུགས་སྐྲུན་ལ་ཤུགས་བསྣན་ནས། ས་ཁུལ་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་སྔར་ལས་སྐུལ་འདེད་བྱེད་དགོས། མང་ཨེ་གྲོང་ཁྱེར་བཙུགས་པ་ནི་མང་ཨེ་དང་ལིན་ཧུའུ་ས་གནས་གཉིས་ཀྱི་ཆབ་སྲིད་འཚོ་བའི་ཁྲོད་ཀྱི་ལས་དོན་གལ་ཆེན་ཞིག་ཡིན་ལ། མཚོ་ནུབ་ཁུལ་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལོ་རྒྱུས་ཁྲོད་ཀྱི་དོན་ཆེན་ཞིག་ཀྱང་ཡིན་པས། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་མི་རིགས་ས་ཁུལ་གྱི་འཕེལ་རྒྱས་གཙིགས་སུ་བཟུང་བ་གང་ལེགས་སྒོས་མཚོན་ཞིང་། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་མང་ཨེ་དང་མཚོ་ནུབ་འཕེལ་རྒྱས་ལ་ཐུགས་ཁུར་དང་རྒྱབ་སྐྱོར་གནང་བ་གང་ལེགས་སྒོས་མཚོན་ཡོད་ཕྱིར། ང་ཚོས་མུ་མཐུད་མཚོ་སྔོན་གྱི་ནུབ་སྒོ་ཆེན་མོ་འདི་འཛུགས་སྐྲུན་གང་ལེགས་བྱས་ནས། ལྔ་བཞི་འཐབ་ཇུས་ལག་བསྟར་གང་ལེགས་བྱེད་པ་དང་སྔོན་འགྲོ་གཅིག་དང་སྤུས་ལེགས་གཉིས་ཧུར་ཐག་སྒོས་སྐུལ་འདེད་བྱས་ཏེ། འབྱོར་ཕྱུག་དང་དཔལ་ཡོན། འཆམ་མཐུན་དང་བདེ་སྐྱིད་ཀྱི་དེང་རབས་ཅན་གྱི་མཚོ་ནུབ་གསར་བ་འཛུགས་སྐྲུན་ལ་བྱས་རྗེས་སྔར་ལས་འཇོག་དགོས་པ་བསྟན།
     མིན་ཧེ་ཡིས་ནན་གྱིས་བསྟན་དོན། འཕེལ་རྒྱས་ཀྱི་ཇུས་འགོད་ལ་རིག་པ་གསར་བ་འདོན་དགོས། སྒྲིག་གཞི་ལེགས་སྒྲིག་གི་གོ་སྐབས་དམ་འཛིན་བྱས་ཏེ། ཚན་རིག་དང་མཐུན་པའི་སྒོ་ནས་མང་ཨེ་ཡི་ནུས་པ་གསར་བ་དང་མ་འོངས་པའི་འཕེལ་རྒྱས་ཀྱི་བསམ་ཕྱོགས་ཇུས་འགོད་བྱས་ནས། ཐོན་ཁུངས་དང་སྤུས་ཚད་ལ་བསྐྱར་དུ་སྒྲིག་འཛུགས་དང་དབྱེ་ཞིབ་བྱེད་པ་དང་། ཕན་ནུས་ལྡན་པའི་སྒོ་ནས་རྒྱལ་ཁབ་དང་ཞིང་ཆེན། ཁུལ་གྱི་འཕེལ་རྒྱས་འཐབ་ཇུས་དང་ཧུར་བརྩོན་སྒོས་མཐུན་སྦྱོར་བྱས་ནས། སྤུས་ཚད་མཐོ་བའི་མང་ཨེ་གྲོང་ཁྱེར་གྱི་འཛུགས་སྐྲུན་ལ་སྐུལ་འདེད་བྱེད་དགོས་ཤིང་། ཁེ་ལས་དང་ས་གནས་བར་གྱི་མཉམ་འཛུགས་ལ་གྲུབ་འབྲས་གསར་བ་མངོན་དགོས། མང་ཨེ་གྲོང་ཁྱེར་དང་མཚོ་སྔོན་རླངས་ཞིང་ཀུང་ཟིས་མཛའ་མཐུན་གྱི་འབྲེལ་བ་དར་སྤེལ་བྱས་ནས། མཉམ་ལས་ཀྱི་རྐྱེན་སྲོལ་འཐུས་ཚང་དང་། ཐོན་ལས་དང་གྲོང་ཁྱེར་མཉམ་བསྲེས། ཐོན་ལས་ཀྱི་གྲོང་ཁྱེར་འཕེལ་རྒྱས་སུ་གཏོང་བའི་འདུ་ཤེས་རྒྱུན་འཁྱོངས་བྱས་ཏེ། མང་ཨེ་གྲོང་ཁྱེར་དེ་མཚོ་སྔོན་གྱི་ནུབ་ཕྱོགས་ལ་སྒོ་འབྱེད་བྱེད་པའི་སྒོ་ཐེམ་ལྟ་བུར་འགྱུར་བར་ཧུར་བརྩོན་བྱེད་དགོས། རིག་གནས་འཛུགས་སྐྲུན་སྟེང་རྣམ་པ་གསར་བ་སྐྲུན་དགོས་ཤིང་། ཚྭ་འདམ་སྙིང་སྟོབས་དང་དུས་རབས་གསར་བའི་མཚོ་ནུབ་ཀྱི་སྙིང་སྟོབས་ཤུགས་ཆེན་པོའི་དར་སྤེལ་བྱས་ཏེ། རིག་གནས་ཐོན་ལས་ཀྱི་ཚོང་རྟགས་བཞེངས་ནས་མི་རིགས་རིག་གནས་གསར་སྐྲུན་ལ་སྐུལ་སློང་བྱེད་དགོས། སྤྱི་ཚོགས་འཛུགས་སྐྲུན་གྱི་ཆུ་ཚད་མཐོར་འདེགས་སུ་གཏོང་དགོས་པ་མ་ཟད། ཏང་གི་འཛུགས་སྐྲུན་ལ་ཕན་འབྲས་གསར་བ་སྐྲུན་ནས་རིགས་སོ་སོའི་བྱ་བར་ལེགས་པོར་འཁྱོངས་དགོས་པ་ནན་གྱིས་བསྟན།
     མང་ཨེ་གྲོང་ཁྱེར་བཙུགས་རྗེས་ཀྱི་བྱ་བ་སྔར་ལས་ལེགས་པོར་སྒྲུབ་པའི་ཕྱོགས་ནས། རྡོ་རྗེ་ཡིས་གྲོང་ཁྱེར་ཡོངས་ཀྱི་རིམ་པ་སོ་སོ་དང་སྡེ་ཁག་སོ་སོས་མང་ཨེ་གྲོང་ཁྱེར་ཏང་ཨུས་སྣེ་ཁྲིད་འོག ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་བཀོད་སྒྲིག་ལྟར། ནན་ཏན་གྱིས་ཁུལ་ཨུ་དང་ཁུལ་སྲིད་གཞུང་གི་བྱ་བའི་བླང་བྱ་དོན་འཁྱོལ་བྱས་ནས། ངེས་པ་དོན་གྱིས་བསམ་བློ་དང་སྦྱོར་བ་ཡོངས་གཅིག་གྱུར་དང་། གྲོང་ཁྱེར་དང་རྫོང་གི་སྒྲིག་གཞི་བཅོས་བསྒྱུར་བྱ་བར་སྐུལ་འདེད་བྱེད་པར་གཅིག་གྱུར་བཀོད་འདོམས་བྱས་ཏེ། རིགས་སོ་སོའི་བྱ་བ་གོ་རིམ་ལྡན་པའི་ངང་སྤེལ་ནས་མི་དམངས་མང་ཚོགས་ཀྱི་འཚོ་བར་ཤན་ཤུགས་མི་ཐེབས་པ་བྱེད་དགོས་པའི་རེ་བ་བཏོན།
     མང་ཨེ་གྲོང་ཁྱེར་ཏང་ཨུའི་འགན་ཁུར་བློ་མཐུན་དང་། མཚོ་སྔོན་རླངས་ཞིང་ཀུང་ཟིའི་འགན་ཁུར་བས་ཚོགས་ཆེན་སྟེང་གཏམ་བཤད་གལ་ཆེན་གནང་། མཚོ་ནུབ་ཁུལ་ཡན་ལག་དམག་ཁུལ་དང་ཁུལ་གཏོགས་འབྲེལ་ཡོད་ལས་ཁུངས་ཀྱི་འགན་ཁུར་བློ་མཐུན། ས་ཁུལ་སོ་སོའི་ཏང་ཨུ་དང་སྲིད་གཞུང་གི་བློ་མཐུན། ཁུལ་རིམ་པའི་གྲོས་ཚོགས་གཉིས་ཀྱི་འཐུས་མི་དང་ཨུ་ཡོན་ཁ་ཤས། མཚོ་སྔོན་རླངས་ཞིང་ཀུང་ཟིའི་འཐུས་མི། སྔོན་མང་ཨེ་དང་ལིན་ཧུའུ་བྱ་བའི་སྲིད་འཛིན་ཨུ་ཡོན་ལྷན་ཁང་གི་ཁའོ་རིམ་པ་ཡན་གྱི་ལས་བྱེད་པ་དང་ལས་འཁྱུར་ངལ་གསོ་བྱས་པའི་ལས་བྱེད་རྒན་པའི་འཐུས་ཚབ། ཁེ་ལས་ཁ་ཤས་ཀྱི་འགན་ཁུར་བློ་མཐུན། དེ་མིན་མང་ཨེ་དམག་ཁུལ་གྱི་འཐུས་ཚབ་པ། དགེ་རྒན་དང་སློབ་མའི་འཐུས་ཚབ་པ། མང་ཚོགས་ཀྱི་འཐུས་ཚབ་པ་བཅས་མི་500ལྷག་མང་ཨེ་གྲོང་ཁྱེར་བཙུགས་པའི་མཛད་སྒོའི་ཚོགས་ཆེན་ལ་ཞུགས། 


འདི་རུ་དཔྱད་བརྗོད་འཇོག་པའམ་ཡང་ན་དཔྱད་བརྗོད་ལ་གཟིགས་ཆོག
དཔྱད་འཇོག་ཤོག་ངོས་ཕབ་བཞིན་པ།
正在加载评论列表...