སྡེབ་ངོས་རྩོམ་ཡིག་ཀློག་ཐབས།
དཀར་རིལ་མནན་ཏེ་རིགས་དབྱེ་ལ་ལྟ་བ།
བོད་ཀྱི་གསོ་རིག་དང་ཚན་རིག་ལྟ་གྲུབ་ཐད་ཀྱི་རིག་གཞུང་བགྲོ་གླེང་ཚོགས་འདུ་བསྡུས།
རྩོམ་པ་པོ། བན་དེ་སྐྱབས། རྩོམ་སྒྲིག་པ། Lhamo དུས་ཚོད། 2019-4-23 11:10:00 རྩོམ་ཁུངས། མཚོ་སྔོན་བོད་སྐད་རྒྱང་སྒྲོག་བརྙན་འཕྲིན་དྲ་ལམ། ཀློག་གྲངས།

སྐབས་གཉིས་པའི་བོད་ཀྱི་གསོ་རིག་དང་ཚན་རིག་ལྟ་གྲུབ་ཐད་ཀྱི་རིག་གཞུང་བགྲོ་གླེང་ཚོགས་འདུ་མཚོ་སྔོན་བོད་ཀྱི་རིག་གནས་རྟེན་མཛོད་གླིང་ནས་བསྡུས།
     རྒྱུས་ལོན་བྱུང་བ་ལྟར་ན། སྤྱི་ཟླ4བའི་ཚེས21ཉིན། མཚོ་སྔོན་ཞིང་ཆེན་བོད་ཀྱི་གསོ་རིག་སློབ་ཚོགས་བོད་ཕྱི་གསོ་རིག་ཟུང་འབྲེལ་གྱི་ཆེད་ལས་ཨུ་ཡོན་ཚོགས་པས་གཙོ་སྒྲུབ་བྱས་ཤིང་། མཚོ་སྔོན་སློབ་ཆེན་བོད་ལུགས་གསོ་རིག་སློབ་གླིང་གི་ཉིས་སྟོང་བཅོ་བརྒྱད་ལོའི་འབུམ་རམས་པ་དང་ཤེས་རམས་ཞིབ་འཇུག་སློབ་མའི་འཛིན་གྲྭས་རོགས་སྒྲུབ་བྱས་པའི་སྐབས་གཉིས་པའི་བོད་ཀྱི་གསོ་རིག་དང་ཚན་རིག་ལྟ་གྲུབ་ཐད་ཀྱི་རིག་གཞུང་བགྲོ་གླེང་ཚོགས་འདུ་གཟབ་རྒྱས་ངང་བསྡུས། ཐེངས་འདིའི་བགྲོ་གླེང་ཚོགས་འདུར་མཚོ་སྔོན་སློབ་ཆེན་བོད་ལུགས་གསོ་རིག་སློབ་གླིང་དང་བོད་ལྗོངས་བོད་ལུགས་གསོ་རིག་སློབ་ཆེན། ལྷ་ས་གྲོང་ཁྱེར་རིག་དངོས་ཅུའུ། མཚོ་སྔོན་བོད་སྨན་ཁང་། མཚོ་སྔོན་ཞིང་ཆེན་བོད་སྨན་ཞིབ་འཇུག་གླིང་བཅས་ཀྱི་ཆེད་མཁས་པ་གཙོས་བོད་ལུགས་གསོ་རིག་སློབ་གླིང་གི་སློབ་མ200ལ་ཉེ་བ་ཞུགས།
     ཐེངས་འདིའི་ཚོགས་འདུའི་རྣམ་པར་ཆེད་མཁས་པ་སོ་སོས་རང་གི་རིག་གཞུང་ལྟ་ཚུལ་སྒྲོག་འདོན་ངོ་སྤྲོད་གནང་བ་དང་ཚོགས་ཞུགས་མི་སྣས་དེ་བསྟུན་གྱི་དྲི་བ་འདོན་པ། ཆེད་མཁས་པས་སྒྲོག་འདོན་མཁན་གྱི་སྒྲོག་འདོན་གནས་སྟངས་ལ་དཔྱད་འཇོག་བྱེད་པ་བཅས་ཀྱི་ལམ་ནས། བརྗོད་དོན་ལ་ཆེ་བ་ཚེ་སྲོག་གི་གྲུབ་སྟངས་དང་ལུས་ཁམས་ཀྱི་གནས་ལུགས་ནས་ཆུང་བ་ཕྲ་རྡུལ་དང་སྐྱེ་དངོས་ཕྲ་རབ་ཀྱི་རྟོག་ཞིབ་དག་གི་ལྟ་གྲུབ་དང་མཚུངས་ཆོས་སྐོར་ནས་བགྲོ་གླེང་གནད་དུ་ཐིངས་པ་བྱས་པར་བརྟེན། ཚོགས་ཞུགས་དགེ་སློབ་ཡོངས་ལ་བོད་ཀྱི་གསོ་རིག་དང་ནུབ་ལུགས་སེམས་ཁམས་རིག་པས་སེམས་ཞེས་པར་ངོས་འཛིན་ཚུལ་གྱི་སྐོར་དང་། གནའ་དེང་གི་གསོ་རིག་གཞུང་ལས་བསྟན་པའི་རྩ་དཀར་རྣམ་གཞག་གི་མཚུངས་ཆོས་སྐོར་གླེང་བ། གནད་མི་འདྲ་བ་གསུམ་གྱི་ལམ་ནས་གནའ་དེང་གསོ་རིག་གཉིས་ཀྱི་མཚུངས་ཆོས་གླེང་བ་སོགས་ཀྱི་སྐོར་ནས་བློ་བསྐྱེད་མི་དམན་པ་བསྩལ།

འདི་རུ་དཔྱད་བརྗོད་འཇོག་པའམ་ཡང་ན་དཔྱད་བརྗོད་ལ་གཟིགས་ཆོག
དཔྱད་འཇོག་ཤོག་ངོས་ཕབ་བཞིན་པ།
正在加载评论列表...