སྡེབ་ངོས་རྩོམ་ཡིག་ཀློག་ཐབས།
དཀར་རིལ་མནན་ཏེ་རིགས་དབྱེ་ལ་ལྟ་བ།
གསེར་ཆེན་རྫོང་དཔེ་མཛོད་ཁང་གི་སྒོ་འབྱེད་མཛད་སྒོ་བསྡུས་པ།
རྩོམ་པ་པོ། མི་གསལ། རྩོམ་སྒྲིག་པ། Lhamo དུས་ཚོད། 2019-4-26 9:20:00 རྩོམ་ཁུངས། མཚོ་ལྷོ་བརྙན་འཕྲིན། ཀློག་གྲངས།
     རྒྱ་ཆེའི་ཀློག་པ་པོ་རྣམས་ལ་དཔེ་ཀློག་གི་མཐུན་རྐྱེན་ལེགས་པོ་ཞིག་དང་། དམངས་ཡོངས་དཔེ་ཀློག་ལ་གོམས་པའི་སྲོལ་བཟང་ཞིག་ཆགས་པར་རྒྱུན་འཁྱོངས་བྱ་ཆེད། གསེར་ཆེན་རྫོང་གིས་མ་དངུལ་འབོར་ཆེན་བཏང་ནས་དཔེ་མཛོད་ཁང་གསར་བཞེངས་གནང་བ་རེད། སྤྱི་ཟླ4བའི་ཚེས23ཉིན་སྟེ་འཛམ་གླིང་དཔེ་ཀློག་ཉིན་མོར་དངོས་སུ་དཔེ་མཛོད་ཁང་གི་སྒོ་འབྱེད་མཛད་སྒོ་བསྡུས་ཏེ། མཚོ་ལྷོ་ཁུལ་ཨུའི་རྒྱུན་ཨུའམ་གསེར་ཆེན་རྫོང་ཨུའི་ཧྲུའུ་ཅི་ཁྲུན་ཧོང་ལིན་དང་། ཁུལ་དང་རྫོང་རིམ་པའི་འབྲེལ་ཡོད་སྡེ་ཁག་གི་འགན་ལེན་མི་སྣ། དེ་མིན་ཀློག་པ་པོའི་འཐུས་ཚབ་མི་སྣ་སོགས་ཐེངས་འདིའི་སྒོ་འབྱེད་མཛད་སྒོའི་སྟེང་ཞུགས།
     མཚོ་ལྷོ་ཁུལ་ཨུའི་རྒྱུན་ཨུའམ་གུང་ཧོ་རྫོང་ཨུའི་ཧྲུའུ་ཅི་ཁྲུན་ཧོང་ལིན་དང་། གསེར་ཆེན་རྫོང་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་དཔལ་ལྡན་བཀྲ་ཤིས་གཉིས་ཀྱིས་གུང་ཧོ་རྫོང་དཔེ་མཛོད་ཁང་གི་སྒོ་བྱང་འགེལ་བཞིན་པ།
     གསེར་ཆེན་རྫོང་དཔེ་མཛོད་ཁང་འདི་ནི་མཁར་བྱང་གཞིས་ཁུལ་དུ་གསར་བཞེངས་ལེགས་འགྲུབ་བྱུང་ཡོད་ལ། སྤྱིའི་རྒྱ་ཁྱོན་ལ་སྨི་གྲུ་བཞི་མ5000ཡོད་པ་དང་། སྤྱིའི་མ་དངུལ་སྒོར་བྱེ་བ་གཅིག་དང་ས་ཡ་གཅིག་འབུམ་དྲུག་བཏང་ནས་འཛུགས་སྐྲུན་བྱས་པའི་དཔེ་ཆ་བསྡུ་ཉར་དང་དཔེ་ཆ་གཡར་བ། དཔེ་ཀློག་བྱེད་པ། གནས་ཚུལ་འདྲི་བ་སོགས་ཀྱི་ཞབས་ཞུའི་རྣམ་པ་འཐུས་ཚང་ཡིན་པའི་ཕྱོགས་བསྡུས་རང་བཞིན་གྱི་དཔེ་མཛོད་ཁང་ཞིག་ཡིན།
     རྒྱུས་ལོན་པ་ལྟར་ན། དཔེ་མཛོད་ཁང་འདིའི་ནང་དུ། བོད་རྒྱ་སྐད་གཉིས་ཀྱི་དཔེ་གཟིགས་ཁང་དང་གློག་རྡུལ་དཔེ་གཟིགས་ཁང་། ན་ཆུང་དཔེ་གཟིགས་ཁང་དང་ན་ཆུང་བྱ་འགུལ་ཉམས་ལེན་ཁང་། ས་གནས་ཀྱི་དཔྱད་གཞིའི་ཡིག་ཆ་ལྟ་ཀློག་ཁང་དང་དུས་དེབ་ལྟ་ཀློག་ཁང་སོགས་དཔེ་ཀློག་གི་ཁོར་ཡུག་འཐུས་ཚང་ཡིན་པ་མ་ཟད། དཔེ་དེབ་ཁྲི་གསུམ་ལྷག་དང་། དཔེ་ཀློག་འདུག་སྟེགས210ཡོད་ལ། དེ་མིན་གློག་ཀླད20ལྷག་ཀློག་པ་པོ་རྣམས་ཀྱིས་བཀོལ་སྤྱོད་བྱས་ཆོག་པས། དཔེ་ཀློག་ལ་དགའ་བའི་མི་རྣམས་ལ་མཐུན་རྐྱེན་ལེགས་པོ་ཞིག་བསྐྲུན་ཡོད།
     གསེར་ཆེན་རྫོང་དཔེ་མཛོད་ཁང་གིས་སྒོ་འབྱེད་གནང་བ་འདིས། རང་ས་གནས་ཀྱི་རིག་གནས་འཛུགས་སྐྲུན་གྱི་འཕེལ་རྒྱས་གོ་རིམ་ཁྲོད་ཀྱི་སྟོང་ཆ་ཆེན་པོ་ཞིག་བསྐངས་ཡོད་པ་མ་ཟད། རིག་གནས་རྒྱུན་འཛིན་དང་དར་སྤེལ། འཇོན་མི་གསོ་སྐྱོང་གི་ཐད་བྱེད་ནུས་གལ་ཆེན་ཐོན་ཡོད་པ་དང་། ལྷག་པར་དུ་སྤྱི་ཚོགས་ཡོངས་ཀྱི་དཔེ་ཀློག་ལ་དགའ་བའི་གྲོགས་པོ་རྣམས་ལ་རིག་གནས་ལོངས་སྤྱོད་ཀྱི་སྟེགས་བུ་གལ་ཆེན་ཞིག་བསྐྲུན་པ་རེད།

འདི་རུ་དཔྱད་བརྗོད་འཇོག་པའམ་ཡང་ན་དཔྱད་བརྗོད་ལ་གཟིགས་ཆོག
དཔྱད་འཇོག་ཤོག་ངོས་ཕབ་བཞིན་པ།
正在加载评论列表...