སྡེབ་ངོས་རྩོམ་ཡིག་ཀློག་ཐབས།
དཀར་རིལ་མནན་ཏེ་རིགས་དབྱེ་ལ་ལྟ་བ།
སྟོབས་རྒྱལ་ཏོ་ཧ་འཛམ་གླིང་མཆོང་རྒྱུག་འཕེན་གསུམ་གཟེངས་ཐོན་འགྲན་སྡུར་དུ་ཞུགས་རྒྱུ།
རྩོམ་པ་པོ། མི་གསལ། རྩོམ་སྒྲིག་པ། Lhamo དུས་ཚོད། 2019-5-7 10:07:00 རྩོམ་ཁུངས། མཚོ་སྔོན་ཞིང་ཆེན་སྲིད་གཞུང་དྲ་བ། ཀློག་གྲངས།
     དབྱར་གྱི་མགོ་མར་མཚོ་སྔོན་སྟོད་པ་རྒྱལ་ཁབ་མཐོ་སྒང་ལུས་རྩལ་སྦྱོང་བརྡར་རྟེན་གཞིའི་ལམ་ངོགས་སུ་ལྗང་ཏིག་ཏིག་གི་སྡོང་ལོ་ཐགས་སུ་བཀྲ་ཞིང་། མེ་ཏོག་ཁྲ་ལེམ་མེར་གཅིག་ལ་གཅིག་འགྲན་གྱི་ཚུལ་དུ་མཛེས་ཤིང་ལྟ་ན་སྡུག རྟེན་གཞིའི་རྒྱབ་རི་ལ་མཐིང་མདོག་གི་གོས་བཟང་བཀླུབས་པ་བཅས་སྐྱེད་མོས་ཚལ་ཉམས་དགའ་བ་ཞིག་ཏུ་སྣང་བའི་བར་བར་དུ་མདའ་འཕེན་ཁང་དང་མཆོང་རྒྱུག་འཕེན་གསུམ་ར་བ། ཆུ་རྐྱལ་ཁང་སོགས་མུ་ཏིག་གི་ཁྲ་བཏབས་པ་བཞིན་གནས་པའི་ཀུན་ཡིད་ཅིག་ཅར་དུ་འཕྲོག་པར་བྱེད། རྟེན་གཞིའི་མཆོང་རྒྱུག་འཕེན་གསུམ་ར་བར་བོད་རང་སྐྱོང་ལྗོངས་ནས་ཡོང་པའི་མཆོང་རྒྱུག་འཕེན་གསུམ་གྱི་ལུས་རྩལ་པ་སྟོབས་རྒྱལ་དང་རུ་མི་ཚོ་སྦྱོང་བརྡར་ལ་བྲེལ་བཞིན་མཆིས། ཟླ་བ4ཡི་རྗེས་སུ་ཁོ་ཚོས་ཀྲུང་གོའི་ཚབ་བྱས་ཏེ་ཁ་ཐར་གྱི་ཏོ་ཧ་འཛམ་གླིང་མཆོང་རྒྱུག་འཕེན་གསུམ་གཟེངས་ཐོན་འགྲན་སྡུར་ལ་ཞུགས་རྒྱུ་རེད།
     སྤྱི་ཟླ3པའི་ཚེས24ཉིན། 2019ལོར་རྒྱལ་སྤྱིའི་མ་ལ་སུང་འགྲན་སྡུར་གྱི་ཁྲོད་དུ། སྟོབས་རྒྱལ་གྱིས་ཆུ་ཚོད2དང་སྐར་མ10སྐར་ཆ31གི་གྲུབ་འབྲས་བླངས་ནས་སྐྱེས་པའི་ཚན་ཆུང་གི་ཨང་དང་པོ་བླངས་པ་དང་ཆབས་ཅིག 2020ལོའི་ཏུང་ཅིན་ཨོ་རྩལ་འགྲན་ཚོགས་དང2019ལོའི་ཏོ་ཧ་འཛམ་གླིང་གཟེངས་ཐོན་འགྲན་སྡུར་ལ་ཞུགས་པའི་ཐོབ་ཐང་ཐོབ། དེ་ནི་ཉེ་བའི་ལོ་འགའི་ནང་ཀྲུང་གོའི་མ་ལ་སུང་སྐྱེས་པའི་འགྲན་ཞུགས་པར་ཐོབ་པའི་གྲུབ་འབྲས་མཆོག་ཏུ་གྱུར་བ་དེ་རེད།
     ད་ལོར་ལོ25ལ་སོན་པའི་སྟོབས་རྒྱལ་ནི་བོད་རང་སྐྱོང་ལྗོངས་ལྷ་ས་གྲོང་ཁྱེར་སྟག་རྩེ་ཆུས་ཁོངས་ཀྱི་གྲོང་ཚོ་ཆུང་ཆུང་ཞིག་ཏུ་སྐྱེས་ཤིང་། ལྷན་སྐྱེས་ཀྱི་ཤེས་རབ་དང་སྦྱང་སྟོབས་ལ་བརྟེན་ནས་རྒྱལ་ཡོངས་ན་གཞོན་གཟེངས་ཐོན་འགྲན་སྡུར་སོགས་རྒྱལ་ཁབ་ཕྱི་ནང་གི་འགྲན་སྡུར་མང་པོར་ཞུགས་ནས་གྲུབ་འབྲས་དུ་མ་བླངས། 2011ལོར་ཀྲུང་གོའི་མཆོང་རྒྱུག་འཕེན་གསུམ་མཐུན་ཚོགས་ཀྱིས་བསྒྲུབས་པའི“མཐོ་སྒང་གི་འཇོན་མི་སྟོང་གསར་སྐྱེད་འཆར་གཞི”ཡི་རྒྱབ་སྐྱོར་འོག སྔ་གཞུག་ཏུ་ཨེ་ཤ་ཡའི་ལུས་རྩལ་འགྲན་ཚོགས་དང་། ཨེ་ཤ་ཡའི་གཟེངས་ཐོན་འགྲན་སྡུར། པེ་ཅིང་གི་མཆོང་རྒྱུག་འཕེན་གསུམ་འཛམ་གླིང་གཟེངས་ཐོན་འགྲན་སྡུར། རྒྱལ་སྤྱིའི་མཆོང་རྒྱུག་འཕེན་གསུམ་མཉམ་འབྲེལ་ལྷན་ཚོགས་ཀྱི་མཉམ་འབྲེལ་འགྲན་སྡུར་རྩེ་གྲའི་ཁྲོད་ཞུགས་མྱོང་པ་རེད།
     ད་ཆ་སྟོབས་རྒྱལ་གྱིས་བློ་སེམས་ཡོད་ཚད་ཟླ་དགུ་པའི་ཏོ་ཧ་མཆོང་རྒྱུག་འཕེན་གསུམ་འཛམ་གླིང་གཟེངས་ཐོན་འགྲན་སྡུར་དང་སང་ལོའི་ཨོ་རྩལ་འགྲན་སྡུར་གཉིས་ལ་ཞུགས་པའི་སྟ་གོན་ལ་གཅིག་ཏུ་སྒྲིམ་ཡོད། ཟླ4ཚེས27ཉིན་ལ་སྟོབས་རྒྱལ་སྟོད་པའི་སྦྱོང་བརྡར་རྟེན་གཞིར་སྦྱོང་བརྡར་བྱེད་དུ་འོང་། ཁོས་རང་གི་འོས་འགན་དང་འགན་འཁྲི་སེམས་ལ་ཉར་ནས་རྒྱུན་པར་སྦྱོང་བརྡར་ལ་བྲེལ་བཞིན་ཡོད། ཆར་རྗེས་ཀྱི་མཐོ་སྒང་སྔར་བཞིན་འཁྱགས་སིབ་སིབ། སྟོབས་རྒྱལ་ནི་སྔར་བཞིན་སྦྱོང་བརྡར་ལ་བྲེལ་བ་དང་། དུས་རྒྱུན་གྱི་འཚོ་བ་ཞིག་ཏུ་གྱུར་ནས་བློ་རྩེ་གཅིག་ཏུ་སྒྲིམ་ནས་གོམ་ཁ་རེ་རེ་སྤོ་བཞིན་ཡོད། 2015ལོར་ཁོས་སྟོད་པ་སྦྱོང་བརྡར་རྟེན་གཞི་འདི་ནས་སྦྱོང་བརྡར་བྱས་མྱོང་ཡོད། ཡིན་ནའང་ད་ཐེངས་ཟླ་བ་བདུན་པའི་ཟླ་དཀྱིལ་བར་དུ་འདི་ག་ནས་སྦྱོང་བརྡར་བྱས་ནས་སྡོད་དགོས་པ་རེད། ཁོས་འདི་སྐད། ང་རང་མཐོ་སྒང་ནས་སྦྱོང་བརྡར་བྱེད་པ་ལ་ཧ་ཅང་འཚམ། དེ་ལྟར་བྱས་ན་ཕྱི་ལོགས་སུ་འགྲན་སྡུར་བྱེད་དུས་རང་སྟེང་གི་དགེ་མཚན་ཇི་དགར་འདོན་ཐུབ། མཚོ་སྔོན་དང་བོད་ལྗོངས་གཉིས་ཧ་ཅང་ཐག་ཉེ་པ་མ་ཟད། སྦྱོང་བརྡར་བྱེད་སའི་ཁོར་ཡུག་ཧ་ཅང་ཡག ཡོད་ཚད་རང་གི་ཕ་ས་དང་འདྲ་བར་ཧ་ཅང་རྒྱུས་ཆེ་ལ། ཕ་ཡུལ་ལ་ལོག་པའི་ཚོར་བ་ངང་གིས་སྦྱིན་བྱུང་བས། སྟོད་པ་རྟེན་གཞི་ལ་ཐུགས་རྗེ་ཆེ་ཞུ་བ་ཡིན་ཟེར།
     འགྲན་སྡུར་རེ་རེ་སླེབས་ཐེངས་རེར། ལུས་རྩལ་པ་མང་པོ་སྟོད་པ་རྟེན་གཞི་ལ་ཕྱིན་ནས་ཐུན་མོང་ཐོག་སྦྱོང་བརྡར་བྱེད་པ་རེད། དེ་ནི་ཉེ་བའི་ལོ་འདི་དག་གི་གོམས་གཤིས་ཤིག་ཏུ་གྱུར་ཡོད་ལ། ཆུ་རྐྱལ་རུ་ཁག་དང་། འདུར་རྒྱུག་རུ་ཁག མ་ལ་སུང་སོགས་ལུས་ཀྱི་ལྕོག་ཤུགས་བརྡར་བའི་ལུས་རྩལ་རུ་ཁག་ནི་དུས་རྒྱུན་གྱི་མགྲོན་པོ་རེད། དེ་ལས་ཀྱང་གལ་ཆེ་བ་ནི་མཐོ་སྒང་གི་ཐུན་མོང་སྦྱོང་བརྡར་རྫོགས་ཐེངས་རེར་འགྱུར་ལྡོག་མངོན་གསལ་ཞིག་བྱུང་ཀྱིན་ཡོད་པས། སྟོད་པ་རྟེན་གཞི་འདི་ལ་རྩལ་འཁྲིད་པ་དང་ལུས་རྩལ་པ་གྲགས་ཅན་སུ་དང་སུ་ཡིན་རུང་བརྩེ་འདང་ཆེན་པོ་ཆགས་ཀྱི་ཡོད་པ་རེད།
     ལུས་རྩལ་པ་མང་པོས་སྟོད་པ་རྟེན་གཞི་འདི་ལ་འདི་འདྲའི་དགའ་བོ་བྱེད་པ་ཅིའི་ཕྱིར་ཡིན་ནམ་ཞེ་ན། ལན་འདི་ལ་མཐོ་སྒང་གི་སྦྱོང་བརྡར་ཞེས་པ་མི་གླེང་ག་མེད་རེད། ད་སྔ་རྒྱལ་སྤྱི་ཐུན་མོང་གི་ལྟ་ཚུལ་ཞིག་ནི། མཐོ་སྒང་གི་ལུས་ཀྱི་ལྕོག་ཤུགས་སྦྱོང་བརྡར་ལ་འོས་ཤིང་འཚམ་པའི་ས་བབ་ཀྱི་མཐོ་ཚད་ནི་སྨི2000ནས་2500རེད། ཏག་ཏག་སྟོད་པ་རྟེན་གཞི་ཡོད་སའི་ས་བབ་ཀྱི་མཐོ་ཚད་ནི་སྨི2388ཡིན་པས། རང་བྱུང་གི་དབྱང་རླུང་དཀོན་པའི་ཁོར་ཡུག་འོག་ཏུ་སྦྱོང་བརྡར་བྱས་ན་ལུས་རྩལ་པའི་ལུས་པོ་རང་སྟེང་ལ་དབྱང་རླུང་འཛིན་པའི་ནུས་པ་སྐྱེད་ཐུབ་པར་ཕན་ཆེན་པོ་ཡོད་པ་རེད། ས་བབ་མཐོ་ཚད་སྨི800ཡན་དུ་སླེབས་ན་ལུས་ཁམས་ཅུང་མི་བདེ་བ་ཡོང་ངེས། གལ་ཏེ་སྨི1500ཡན་དུ་སླེབས་པ་ཡིན་ན་དབྱང་རླུང་ཉུང་བའམ་དཀོན་པའི་རྣམ་པ་ཡིན་པས། མིའི་ལུས་སྟེང་གི་ཁྲག་འཛིན་ཕྲ་ཕུང་ཇེ་མང་དུ་འགྲོ་ངེས་པ་རེད། གནས་ཚུལ་འདི་ལྟ་བུའི་འོག དེ་ལས་མཐོ་བའི་ས་བབ་ཀྱི་ཁོར་ཡུག་ཏུ་ལུས་རྩལ་སྦྱངས་ནས་ལུས་ཀྱི་ནུས་པ་ཅི་རིགས་བསྐྱེད་ན། སྙིང་དང་གློ་བའི་བྱེད་ནུས་ཆེན་པོར་འགྲོ་པར་ཕན་ཞིང་། དེར་བརྟེན་ནས་དབྱང་རླུང་བརྗེ་སྒྱུར་དང་ཤ་གནད་འདོར་ལེན་གྱི་ནུས་པ་ཇེ་ཆེར་སོང་ནས་འགུལ་སྐྱོད་ཀྱི་ནུས་པ་ཆེ་རུ་བསྐྱེད་ཐུབ་པ་རེད།
     སྟོད་པ་རྟེན་གཞི་དེ་ནི་རྒྱལ་ཁབ་ཀྱི་ཕྱོགས་བསྡུས་རང་བཞིན་གྱི་ལུས་རྩལ་སྦྱོང་བརྡར་རྟེན་གཞི་ཡིན་པའི་ཆ་ནས། ཐོག་མཐའ་བར་གསུམ་དུ་རྒྱལ་ཁབ་ཀྱི་ཁེ་ཕན་གཙིགས་སུ་བཟུང་ཞིང་། འགན་འཁྲི་སེམས་ལ་དམ་པོར་འཆང་སྟེ། “ཞབས་ཞུ”དང་འབྲེལ་ཞིང་འགན་སྲུང་གི་ནུས་པ་གཟེངས་སུ་བཏོད་ནས་རྒྱལ་ཁབ་ལུས་རྩལ་རུ་ཁག་གིས་འདི་གར་སྦྱོང་བརྡར་བྱེད་པ་ལ་ཞབས་ཞུ་འཐུས་ཤོར་མེད་པ་སྒྲུབ་པར་ནུས་ཤུགས་ཅི་ཡོད་བཏོན་དང་འདོན་གྱིན་ཡོད་ལ། རྟེན་གཞིའི་སྦྱོང་བརྡར་གྱི་ཁོར་ཡུག་དང་། འཚོ་བའི་ཁོར་ཡུག་ཇེ་ལེགས་ཇེ་རྒྱས་སུ་བཏང་སྟེ་མཐོ་སྒང་གི་དབྱང་རླུང་ཉུང་བའི་ཁོར་ཡུག་ཏུ་སྦྱོང་བརྡར་བྱེད་པའི་དགེ་མཚན་མུ་མཐུད་ནས་མངོན་ཡོད། རྟེན་གཞི་འདིར་སྔ་གཞུག་ཏུ་རྒྱལ་ཁབ་ལུས་རྩལ་སྤྱི་ཁྱབ་ཅུས་ཀྱི་འབྲེལ་ཡོད་སྡེ་ཚན་ནས“རི་ཡོ་ཨོ་རྩལ་འགྲན་ཚོགས་སྟ་གོན་གྱི་བྱས་རྗེས་གལ་ཆེན་པོ་བཏོན་པའི་བྱ་དགའ”ཡི་མཚན་སྙན་གནང་བ་དང་། ཐེངས་དུ་མར་“རྒྱལ་སྤྱིའི་འགྲན་སྡུར་གྲགས་ཅན་གྱི་བྱས་རྗེས་གཟེངས་ཐོན་གྱི་བྱ་དགའ”སོགས་མཚན་སྙན་བསྩལ་མྱོང་ཡོད་པས། རྟེན་གཞིའི་མཚན་སྙན་མཚོ་སྔོན་ནས་འཛམ་གླིང་གི་ཕྱོགས་སུ་གྲགས།
     མ་འོངས་པ་ན། སྟོད་པ་རྟེན་གཞིས་ལུས་རྩལ་སྦྱོང་བརྡར་དང་། ཡུལ་སྐོར། སྤྲོ་གསེང་བཅས་གཅིག་ཏུ་དྲིལ་བའི་ཕྱོགས་བསྡུས་རང་བཞིན་གྱི་ལུས་རྩལ་ཐོན་ལས་རྟེན་གཞི་བསྐྲུན་ཏེ། རྟེན་གཞི་རང་སྟེང་གི་ཐོན་ཁོངས་དགེ་མཚན་དེ་དཔལ་འབྱོར་དགེ་མཚན་དུ་བསྒྱུར་ནས་མཐར་མཐོ་སྒང་གི་ལུས་རྩལ་སྦྱོང་བརྡར་དཔེ་སྟོན་རྟེན་གཞི་དང་། ལུས་རྩལ་ཞབས་ཞུ་དཔེ་སྟོན་རྟེན་གཞི། ཁྱད་ལྡན་ལུས་རྩལ་རིག་གནས་འགྲེམས་སྟོན་རྟེན་གཞི་བཅས་སུ་བསྒྱུར་རྒྱུ་རེད།
     མ་འོངས་པ་ན་སྟོབས་རྒྱལ་འདྲ་བའི་ལུས་རྩལ་པ་ཕུལ་བྱུང་ཅན་མང་པོ་གནས་འདི་ནས་འཛམ་གླིང་དུ་སྐྱོད་ཐུབ་པ་ང་ཚོར་གདེང་ཚོད་ཆེན་པོ་ཡོད་ཆོག

འདི་རུ་དཔྱད་བརྗོད་འཇོག་པའམ་ཡང་ན་དཔྱད་བརྗོད་ལ་གཟིགས་ཆོག
དཔྱད་འཇོག་ཤོག་ངོས་ཕབ་བཞིན་པ།
正在加载评论列表...