སྡེབ་ངོས་རྩོམ་ཡིག་ཀློག་ཐབས།
དཀར་རིལ་མནན་ཏེ་རིགས་དབྱེ་ལ་ལྟ་བ།
《གངས་འདབས་ཀྱི་རྟོགས་སད》ཅེས་པའི་གློག་བརྙན་འགྲེམ་སྟོན་མཛད་སྒོ་ཁྲི་ཀ་རྫོང་དུ་བསྡུས།
རྩོམ་པ་པོ། མཁའ་འགྲོ་ཚེ་བརྟན། བསོད་ནམས་རྒྱལ། རྩོམ་སྒྲིག་པ། Lhamo དུས་ཚོད། 2019-5-17 14:23:00 རྩོམ་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ། ཀློག་གྲངས།
    སྤྱི་ཟླ5པའི་ཚེས16ཉིན་གྱི་སྔ་དྲོར། སྤྱི་ཚོགས་འཆམ་མཐུན་དང་མི་རིགས་མཐུན་སྒྲིལ། གནད་ཁེལ་དབུལ་སྐྱོར་བཅས་བརྗོད་དོན་ཡིན་པའི་གློག་བརྙན་ཐུང་གྲས《གངས་འདབས་ཀྱི་རྟོགས་སད》ཅེས་པའི་ཐོག་མའི་འགྲེམ་སྟོན་མཛད་སྒོ་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཁྲི་ཀ་རྫོང་དུ་བསྡུས།
     གློག་བརྙན་འདི་ནི་ཀྲུང་གུང་ཁྲི་ཀ་རྫོང་ཨུ་དང་རྫོང་མི་དམངས་སྲིད་གཞུང་གི་མངགས་བཅོལ་ལྟར། མཚོ་སྔོན་ཚངས་དབྱངས་རིག་གནས་ཁྱབ་སྤེལ་ཚད་ཡོད་སྤྱི་གཉེར་ཁང་གིས་བརྙན་ཕབ་བྱས་པ་ཡིན་ལ། གློག་བརྙན་འདིའི་བརྗོད་དོན་གཙོ་བོ་ནི་ཡུལ་སྡེ་ཕན་ཚུན་བར་གྱི་རྩྭ་ས་རྩོད་གླེང་གི་དོན་རྐྱེན་རྒྱབ་ལྗོངས་སུ་བྱས་ཏེ།  མང་ཚོགས་རྣམས་ལ་རྩྭ་ས་རྩོད་གླེང་ནི་སྤྱི་ཚོགས་འཆམ་མཐུན་དང་མི་རིགས་མཐུན་སྒྲིལ། དཔལ་འབྱོར་འཕེལ་རྒྱས་སུ་གཏོང་པའི་བཀག་རྡོ་ཆེན་པོ་ཞིག་ཡིན་པ་དང་།  དེང་གི་དུས་འདིར་མཐུན་སྒྲིལ་དམ་འཛིན་བྱས་ཏེ་ཚན་རྩལ་སློབ་གསོ་དང་དཔལ་འབྱོར་འཕེལ་རྒྱས་ཀྱི་ལས་ལ་འབད་དགོས་པའི་སློབ་གསོ་དམིགས་སུ་བཟུང་སྟེ། ལྷག་པར་དུ་རིམ་པ་ཁག་གི་སྲིད་གཞུང་ལས་བྱེད་མི་སྣས་གྱོད་གཞི་འདུམ་འགྲིག་ཐད་མང་ཚོགས་ལ་གོ་སྐོན་བློ་འགུག་གི་སློབ་གསོ་གང་ལེགས་གཏོང་བ་དང་།  དུས་དང་རྣམ་པ་ཀུན་ཏུ་གཞི་རིམ་མང་ཚོགས་ཀྱི་བདེ་སྡུག་སེམས་ལ་བཅངས་སྟེ་མང་ཚོགས་ཕན་ཚུན་བར་མཐུན་སྒྲིལ་ལྡན་པ་དང་། འཆམ་མཐུན་ཡོང་བ། ཕྱུག་འགྱུར་གྱི་ལམ་དུ་བསྐྱོད་པའི་ལྷག་བསམ་གྱི་འདུན་པ་རབ་ཏུ་བཏེགས་ཏེ་རོང་འབྲོག་ཕྱོགས་ཀྱི་རྩྭ་ས་རྩོད་གླེང་གི་འགལ་རྐྱེན་ཞི་འཇགས་སུ་གཏོང་བ་མ་ཟད།  ས་གནས་མང་ཚོགས་ཀྱིས་དེང་གི་གནད་འཁེལ་དབུལ་སྐྱོར་དང་དམངས་ཕན་སྲིད་ཇུས་བཟང་པོའི་གོ་སྐབས་དམ་འཛིན་བྱས་ཏེ་ཐོན་སྐྱེད་ངལ་རྩོལ་ལ་ཧུར་ཐག་བྱེད་པ། དཔལ་འབྱོར་གོང་འཕེལ་ལ་འབད་འབུངས་བྱེད་པར་འབོད་སྐུལ་བཏང་ཡོད་ལ་འཆམ་མཐུན་སློབ་གསོ་ཡི་ནུས་པ་མངོན་པར་མཚོན་ཡོད།
     ཚོགས་ཐོག་ཏུ་ཁྲི་ཀ་རྫོང་ཏང་ཨུའི་རྒྱུན་ཨུའམ་དྲིལ་སྒྲོག་པུའུ་ཡི་པུའུ་ཀྲང་ཀླུ་འབུམ་ཚེ་རིང་གིས་བཤད་རྒྱུར། གློག་བརྙན་འདི་ནི་ངེད་ཁྲི་ཀ་རྫོང་མི་དམངས་སྲིད་གཞུང་གིས“དཔལ་འབྱོར་དར་ཞིང་དམངས་རྣམས་སྐྱིད་པ། ཁོར་ཡུག་མཛེས་ལ་དཔལ་ཡོན་ལྡན་པའི”མཚོ་བོད་མཐོ་སྒང་གི་གནས་སྐོར་གྲགས་ཆེན་རྫོང་མཁར་འཛུགས་སྐྲུན་བྱེད་པའི་གླེང་ཕྱོགས་ལྟར། སྤྱི་ཚོགས་འཆམ་མཐུན་དང་མི་རིགས་མཐུན་སྒྲིལ། སྤྱི་ཚོགས་བདེ་འཇགས། ཀུན་སྤྱོད་ལེགས་བཅོས་བཅས་ཀྱི་ཁོར་ཡུག་བཟང་བོ་ཞིག་བསྐྲུན་པར། ལས་ལ་བརྩོན་པའི་མི་དམངས་མང་ཚོགས་རྣམས་ཀྱིས་ཐོན་སྐྱེད་ངལ་རྩོལ་དང་། ཚན་རིག་ལག་རྩལ་ལ་བརྟེན་ནས་ས་གནས་སྤྱི་ཚོགས་དཔལ་འབྱོར་འཕེལ་རྒྱས་སུ་གཏོང་བར་སྐུལ་སློང་བྱེད་པའི་ཁྲི་ཀའི་གློག་བརྙན་ཐོག་མ་ཡིན།
     བརྙན་སྐྲུན་པ་བཀྲ་ཤིས་རྒྱལ་གྱིས་བཤད་རྒྱུར།  འཁྲབ་གཞུང་རྩོམ་འབྲི་དང་ཡུལ་དངོས་བརྙན་ཕབ། མཐའ་མའི་སྒྲིག་བཟོ་བཅས་ཀྱི་ལས་རིམ་ཡོངས་རྫོགས་ངེད་མཚོ་སྔོན་ཚངས་དབྱངས་རིག་གནས་ཁྱབ་སྤེལ་ཚད་ཡོད་སྤྱི་གཉེར་ཁང་གིས་འགན་སྒྲུབ་བྱས་པ་ཡིན་ལ། འཁྲབ་ཚིག་ཧྲིལ་བོར་བོད་ཀྱི་སྲོལ་རྒྱུན་གཏམ་དཔེ་ཡིས་ཕྱུག་སྟེ་གློག་བརྙན་སྐད་ཆའི་སྒྱུ་རྩལ་ལ་ཐོད་རྒལ་གསར་བ་བྱུང་ཡོད་པར་མ་ཟད། གཏམ་རྒྱུད་ཀྱི་བྱུང་རིམ་ལ་ཡིད་འགུགས་ཀྱི་ནུས་པ་ལྡན་ཞིང་། གཞི་རིམ་འཚོ་བའི་ཁྱད་ཆོས་འབུར་དུ་ཐོན་ཡོད་ལ། བསམ་བློ་རང་བཞིན་གྱི་ནུས་པ་ཁྱད་དུ་འཕགས་པ་དང་།  འཁྲབ་སྟོན་པའི་ཆ་ནས་ཀྱང་གཞི་རིམ་མང་ཚོགས་ཀྱིས་དགའ་བསུ་ཆེན་པོ་ཐོབ་པའི་ཆེད་ལས་འཁྲབ་སྟོན་མི་སྣ་གཅིག་གཉིས་རེ་གདན་འདྲེན་ཞུས་ཡོད་པ་ལས་གཞན་ས་གནས་མང་ཚོགས་རྐྱང་རྐྱང་གིས་འཁྲབ་སྟོན་བྱས་ཡོད་པས། དངོས་ཡོད་སྤྱི་ཚོགས་ཀྱི་རྣམ་པ་དང་འཚོ་བ། སྐད་ཆ། འགྲོ་འདུག་སྤྱོད་སྟངས་སོགས་བོད་ཀྱི་འཚོ་བའི་སྣང་བརྙན་མངོན་པར་མཚོན་ཡོད་པ་མ་ཟད་ནང་དོན་དངོས་ལ་གཞིགས་ཏེ་བརྗོད་དོན་གླུ་དབྱངས་ཀྱང་གསར་རྩོམ་བྱས་ཡོད།
     གློག་བརྙན་འདིའི་འཁྲབ་ཁྲིད་པ་ཀླུ་འབུམ་བཀྲ་ཤིས་ཀྱིས། “གློག་བརྙན་འདི་ནི་དངོས་བྱུང་གཏམ་རྒྱུད་གཞིར་བཟུང་ནས་ཕབ་སྐྲུན་བྱས་ཤིང་། རྗེས་མར་ད་དུང་གནད་ཁེལ་དབུལ་སྐྱོར་དང་དབུལ་ཐར་མཁྲེགས་གཏོར་གྱི་བརྗོད་དོན་དམིགས་སུ་བཟུང་སྟེ་མུ་འབྲེལ་གློག་བརྙན་མང་པོ་ཕབ་སྐྲུན་བྱ་རྒྱུ་ཡིན་པ་དང་། མིག་སྔར།ཡུལ་ཕྱོགས་སོ་སོའི་གནད་ཁེལ་དབུལ་སྐྱོར་དང་མི་རིགས་མཐུན་སྒྲིལ། ཀྲུང་གོ་གསར་བ་དབུ་བརྙེས་ནས་ལོ་འཁོར70ལོན་པའི་གློག་བརྙན་ཐུང་གྲས་མང་པོ་ཕབ་སྐྲུན་བྱེད་པར་གྲ་སྒྲིག་དང་འཁྲབ་གཞུང་སྣ་ཚོགས་རྩོམ་སྒྲིག་བྱེད་པའི་ལས་ཀ་སྒྲུབ་བཞིན་པའི་སྒང་ཡིན”ཟེར། 

འདི་རུ་དཔྱད་བརྗོད་འཇོག་པའམ་ཡང་ན་དཔྱད་བརྗོད་ལ་གཟིགས་ཆོག
དཔྱད་འཇོག་ཤོག་ངོས་ཕབ་བཞིན་པ།
正在加载评论列表...