སྡེབ་ངོས་རྩོམ་ཡིག་ཀློག་ཐབས།
དཀར་རིལ་མནན་ཏེ་རིགས་དབྱེ་ལ་ལྟ་བ།
རྐང་ཚ་རྫོང་གིས་ད་ལོའི་མཚོ་སྔོན་པོའི་ཉ་མོ་རྒྱུད་སྤེལ་སྲོག་བླུ་དང་གསེར་ཉ་གཟིགས་མོ་དུས་སྟོན་སྤེལ།
རྩོམ་པ་པོ། ཚེ་དབང་རིག་འཛིན། རྩོམ་སྒྲིག་པ། Lhamo དུས་ཚོད། 2019-6-12 11:09:00 རྩོམ་ཁུངས། རྐང་ཚ་རྫོང་གསར་འགྱུར་ལྟེ་གནས། ཀློག་གྲངས།
     ཉེ་ལམ། མཚོ་སྔོན་ཞིང་ཆེན་ཞིང་ལས་ཞིང་སྡེ་ཐིན་དང་མཚོ་བྱང་ཁུལ་མི་དམངས་སྲིད་གཞུང་གཉིས་ཀྱིས་གཙོ་སྒྲུབ་གནང་བའི་རྐང་ཚ་རྫོང་གི2019ལོའི་སྐབས་བཅུ་གཉིས་པའི་མཚོ་སྔོན་པོའི་ཉ་མོ་རྒྱུད་སྤེལ་སྲོག་བླུ་དང་གསེར་ཉ་གཟིགས་མོ་དུས་སྟོན་གྱི་མཛད་སྒོ་རྐང་ཚ་རྫོང་གསེར་ཉའི་གཞིས་ཁྱིམ་དུ་སྤེལ།
     རྐང་ཚ་རྫོང་ཨུ་དང་རྫོང་མི་དམངས་སྲིད་གཞུང་གིས་འགན་སྒྲུབ་མཛད་པའི《སྐབས་བཅུ་གཉིས་པའི་མཚོ་སྔོན་པོའི་གསེར་ཉ་རྒྱུད་སྤེལ་སྲོག་བླུ་དང་གསེར་ཉ་ལྟ་གཟིགས་དུས་སྟོན》ནི་ཀྲུང་གོ་གསར་བ་དབུ་བརྙེས་ནས་ལོ་འཁོར70དང་མཚོ་སྔོན་བཅིངས་འགྲོལ་བྱས་ནས་ལོ་འཁོར70ལོན་པའི་དྲན་རྟེན་དུ་ཕུལ་བ་སྤྱི་དང་། སྒོས་སུ“རི་བོ་སྔོ་ཞིང་ལྗང་བ་དང་ཆུ་མོ་དྭངས་ཤིང་གསལ་བ་ནི་གསེར་རི་དང་དངུལ་རི”ཡིན་པའི་ཏང་གི་དགོངས་དོན་གཞིར་བཟུང་ནས་སྐྱེ་ཁམས་སྲུང་སྐྱོབ་ཀྱི་འདུ་ཤེས་མཐོར་འདེགས་སུ་བཏང་ནས2019ལོའི་མཚོ་སྔོན་པོའི་གསེར་ཉ་ལྟ་གཟིགས་སྲོག་བླུའི་མཛད་སྒོ་ལུགས་གསར་གྱི་ཟླ6པའི་ཚེས11ཉིན་རྐང་ཚ་རྫོང་གསེར་ཉའི་གཞིས་ཁྱིམ་དུ་རྒྱལ་ཁའི་ངང་བསྡུས། ཉིན་འདིའི་བྱ་འགུལ་ནང་དམངས་སྲོལ་ཉམས་ཞིབ་དང་ཁོར་སྲུང་གྲོས་གཞིའི་མིང་རྟགས་འགོད་པ། ཕྱེད་ཙམ་ཆུ་དང་ཕྱེད་ཙམ་ཉ་མོས་ཁེབས་པའི་ལྗོངས་རྒྱུའི་བཀོད་པ་ལ་གཟིགས་པ། ཕྱོགས་ཡོངས་སྐུ་མགྲོན་ཚོས་འབྲོག་པའི་སྲོལ་རྒྱུན་སྦྲ་གུར་ལས་ས་གནས་ཀྱི་ཁྱད་ཐོན་ཟས་མཆོག་ལ་རོལ་བ། གཞན་ཡང་ཁེ་རམས་ཐང་གི་མཛེས་ལྗོངས་ལ་ལྟ་སྐོར་དང《ལྷ་བྱ་ཁྲུང་ཁྲུང་དཀར་མོའི》ཟློས་གར་ལ་གཟིགས་པ་སོགས་ཡོད།

ས་གནས་མི་དམངས་མང་ཚོགས་ཀྱི་སྲོལ་རྒྱུན་ལྟར་མཚོ་མཆོད་དང་གསེར་ཉ་སྲོག་བླུ་ཡི་ཆོ་ག་སྤེལ་བ།
     ཐེངས་འདིའི་མཛད་སྒོའི་སྟེང་ཕེབས་པའི་འགོ་ཁྲིད་ལ་ཞིང་ཆེན་ཞིང་ལས་ཞིང་སྡེ་ཐིན་གྱི་ཐིན་ཀྲང་གཞོན་པ་བང་ཀྲི་ལང་དང་མཚོ་བྱང་ཁུལ་ཧྲུའུ་ཅི་གཞོན་པ་བང་ཅི་ཀྲེ། མཚོ་བྱང་ཁུལ་ཁུལ་གཙོ་གཞོན་པ་ལི་པོ་ཆིན། ཁུལ་དམངས་ཆེན་ཀྲུའུ་རིན་གཞོན་པ་རིན་ཀྲི་ཡེ། ཁུལ་སྲིད་གྲོས་ཀྲུའུ་ཞི་གཞོན་པ་ཁྲིན་ཆང་དང་རང་རྫོང་གི་ཧྲུའུ་ཅི་ལྷ་ཁོ་དང་རྫོང་དཔོན་ཁྲོ་ཧྲི་ཧེ་བཅས་མཛད་སྒོའི་གར་སྟེགས་སུ་ཕེབས་ནས་གསུང་བཤད་གལ་ཆེན་གནང་།
     ཁོར་ཡུག་རྒྱ་མཚོ་མེ་རེ་རེ།། ཉ་མོ་ཟས་འཚོལ་ཤ་ར་ར།། རྦ་རླབས་སྣ་ཚོགས་ཉི་ལི་ལི། །ཆུ་བྱ་སྐད་སྙན་ཀྱུ་རུ་རུ། །དེ་ལྟར་ངོ་མཚར་མཐའ་ཡས་པ།། ཞེས་ཞབས་དཀར་བ་ཚོགས་དྲུག་རང་གྲོལ་གྱིས་སྙན་དབང་གསོ་བའི་མགུར་གླུ་ཚན་པ་འདི་ལས་ཀྱང་། མཚོ་སྔོན་པོའི་ཕྱི་སྣོད་ཀྱི་འཇིག་རྟེན་དང་ནང་བཅུད་ཀྱི་སེམས་ཅན་ཕུན་སུམ་ཚོགས་ཤིང་། གནས་འདི་ནི་ངོ་མཚར་ཁྱད་དུ་འཕགས་པའི་གསེར་ཉའི་ཞིང་ཁམས་ཤིག་ཡིན་པ་བརྗོད་འདུག

རྫོང་ཨུའི་ཧྲུའུ་ཅི་ལྷ་ཁོ་ཡིས་ཁོར་སྲུང་འཕྲེད་དར་སྟེང་དུ་མིང་རྟགས་འགོད་པ།
     སྐབས་བཅུ་གཉིས་པའི་མཚོ་སྔོན་པོའི་གསེར་ཉ་རྒྱུད་སྤེལ་སྲོག་བླུ་དང་གསེར་ཉ་ལྟ་གཟིགས་དུས་སྟོན་ལ་ནང་གསེས་སུ་བྱ་འགུལ་དྲུག་ཡོད་པ་དང་། དེ་དག་ནི་མཚོ་ངོགས་བོད་མཁར་གྱི་སྐབས་ལྔ་བའི་རྟ་རྒྱུག་འགྲན་སྡུར་དང་མཚོ་སྔོན་པོའི་མཚོ་མཆོད་མཛད་སྒོ། ཚངས་དབྱངས་རྒྱ་མཚོའི་མགུར་གླུའི་པར་རིས་ཚོམས་ཆེན། སྐབས་གཉིས་པའི“ཨ་མའི་བྱམས་བརྩེ་ཡུལ་སྐོར”གྱི་མཚོ་སྔོན་པོའི་མཐོ་སྒང་གི་རྐང་རྒྱུག་འགྲན་སྡུར། མཚོ་སྔོན་པོའི་རྒྱལ་སྤྱིའི་སྙན་ངག་དུས་ཆེན་དང་རྒྱལ་སྤྱིའི་སྙན་ངག་པའི་སྦྲ་གུར་ཚོགས་འདུ་བཅས་རེད།
     འདབ་ཆགས་ཉ་མོའི་ཞིང་ཁམས། མཚོ་ངོགས་བོད་མཁར་རྐང་ཚ། གནས་འདིར་མཁའ་ལ་འདབ་ཆགས་རྩེན་ཞིང་ཆུ་ལ་ཉ་མོ་འཁྱུག་པས་སྣོད་བཅུད་རྟེན་འབྲེལ་མ་འཆོལ་བའི་ངོ་མཚར་ལྟད་མོ་རང་བྱུང་གིས་ངོམ་ཡོད་ཅིང་། དེ་ལས་ཀྱང་ཡ་མཚར་བ་ནི་ལོ་རེར་མཚོ་སྔོན་པོའི་གསེར་ཉས་རྒྱུད་སྤེལ་ཕྱིར། གསེར་ཉ་སླར་ཆུ་ཕྲན་དུ་ལོག་ནས་རང་འགུལ་གྱིས་རྒྱུད་སྤེལ་བའི་ཁ་གྲངས་དེ་མིའི་བློ་ཡིད་ལ་ཤོང་དཀའ་ཞིང་། རྒྱུད་འཕེལ་སའི་ཆུ་རྒྱུན་དེ་ངོ་མཚར་ཡུལ་ལྗོངས་ཤིག་ཏུ་གྲུབ་ཡོད། དེ་བས་ངོ་མཚར་གྱིས་ཕྱུག་པའི་རང་བྱུང་ལྟད་མོ་དེ་ཡུལ་སྐོར་མགྲོན་འགུག་གི་ལས་གཞི་གལ་ཆེན་ཞིག་དུ་བཀོད་ནས་དར་སྤེལ་བྱེད་བཞིན་ཡོད།

གསེར་ཉ་སྲོག་བླུ་བྱེད་བཞིན་པའི་རྣམ་པ།
     ཐེངས་འདིའི་བྱ་འགུལ་ཁྲོད་དུ་ཞིང་ཆེན་དང་ཁུལ་རིམ་པའི་སྨྱན་བྱེད་ལས་ཁུངས་བཅོ་ལྔ་དང་། གཞན་ཡང་ཁ་པར་ཐད་གཏོང་དྲ་ལམ་སོགས་བརྒྱུད་ནས་བྱེད་ཐབས་སྣ་མང་གིས་ཁྱབ་བསྒྲགས་བྱས་ཏེ། རྐང་ཚ་རྫོང་གི་ཡུལ་སྐོར་བའི་མི་གྲངས་ཁྲི150ལ་ཐོན་རྒྱུ་དང་། ཡུལ་སྐོར་ཡོང་འབབ་སྒོར་དུང་ཕྱུར 3ལ་བསླེབ་རྒྱུའི་དམིགས་འབེན་ལེགས་འགྲུབ་ཡོང་བའི་ཐད་ལ་འབད་པ་ལྷོད་མེད་གནང་བཞིན་ཡོད།

འདི་རུ་དཔྱད་བརྗོད་འཇོག་པའམ་ཡང་ན་དཔྱད་བརྗོད་ལ་གཟིགས་ཆོག
དཔྱད་འཇོག་ཤོག་ངོས་ཕབ་བཞིན་པ།
正在加载评论列表...