སྡེབ་ངོས་རྩོམ་ཡིག་ཀློག་ཐབས།
དཀར་རིལ་མནན་ཏེ་རིགས་དབྱེ་ལ་ལྟ་བ།
རྗེ་ཙོང་ཁ་པའི་རིག་གཞུང་བགྲོ་གླེང་ཚོགས་འདུ་སྐབས་ལྔ་པ་འཚོགས་པ།
རྩོམ་པ་པོ། མི་གསལ། རྩོམ་སྒྲིག་པ། Lhamo དུས་ཚོད། 2019-7-9 9:09:00 རྩོམ་ཁུངས། ཀྲུང་གོའི་བོད་ཀྱི་དྲ་བ། ཀློག་གྲངས།
 
     2019ལོའི་ཟླ7པའི་ཚེས6ཉིན། མཚོ་སྔོན་མི་རིགས་སློབ་གྲྭ་ཆེན་དུ་མཚོ་སྔོན་ཞིང་ཆེན་རྗེ་ཙོང་ཁ་པ་ཞིབ་འཇུག་གླིང་གིས་རྗེ་ཙོང་ཁ་པའི་རིག་གཞུང་བགྲོ་གླེང་ཚོགས་འདུ་སྐབས་ལྔ་པ་འཚོགས། ཐེངས་འདིའི་རྗེ་ཙོང་ཁ་པའི་རིག་གཞུང་བགྲོ་གླེང་ཚོགས་འདུ་ནི་རིག་གཞུང་བགྲོ་གླེང་བྱེད་སྒོ་ཁོ་ན་མ་ཡིན་པར། ད་དུང་རྗེ་ཙོང་ཁ་པ་སྐུ་མྱ་ངན་ལས་འདས་ནས་བགྲང་བྱ་600འཁོར་བར་རྗེས་དྲན་ཞུ་བ་དང་། མཚོ་སྔོན་མི་རིགས་སློབ་གྲྭ་ཆེན་མོ་བཙུགས་ནས་བགྲང་བྱ་70འཁོར་བའི་འཁྲུངས་སྐར་བསུ་བའི་རིམ་བསྟར་བྱེད་སྒོ་བཅས་ཏག་ཏག་བཀྲ་ཤིས་སུམ་འཛོམས་ཀྱི་ཉིན་མོ་གཞི་གཅིག་ཏུ་འཁེལ་ཡོད་པ་རེད། བགྲོ་གླེང་སྟེང་ཀྲུང་གོ་སྤྱི་ཚོགས་ཚན་རིག་ཁང་དང་ཀྲུང་གོ་བོད་རིག་པ་ཞིབ་འཇུག་ལྟེ་གནས། ཀྲུང་དབྱང་མི་རིགས་སློབ་གྲྭ་ཆེན་མོ། ནུབ་བྱང་མི་རིགས་སློབ་གྲྭ་ཆེན་མོ། མཚོ་སྔོན་དགེ་ཐོན་སློབ་གྲྭ་ཆེན་མོ། མཚོ་སྔོན་ཞིང་ཆེན་བོད་བརྒྱུད་ནང་བསྟན་སློབ་གླིང་སོགས་ཀྱི་ཆེད་མཁས་པ་དང་སློབ་དཔོན་ཆེན་མོ་སུམ་ཅུ་ལྷག་གདན་འདྲེན་ཞུས་ཡོད་པ་རེད།
     ཉིན་དེར་མཚོ་སྔོན་མི་རིགས་སློབ་གྲྭ་ཆེན་མོའི་རྗེ་ཙོང་ཁ་པ་ཞིབ་འཇུག་གླིང་གི་གླིང་གཙོ་གཞོན་པ་བཀྲ་ཤིས་ཚེ་རིང་གིས་ཚོགས་འདུར་འགོ་འཛིན་བྱས་ཤིང་། མཚོ་སྔོན་མི་རིགས་སློབ་གྲྭ་ཆེན་མོའི་སློབ་གཙོ་གཞོན་པ་ཀུའུ་ཞའོ་ཧུན་གྱིས་ཚོགས་འདུའི་སྟེང་གཏམ་བཤད་གནང་། ཁོས་ཐོག་མར་མཚོ་སྔོན་མི་རིགས་སློབ་ཆེན་གྱི་མི་རིགས་ཁག་གི་དགེ་སློབ་དང་ལས་བཟོའི་ཚབ་བྱས་ནས་རྒྱལ་ནང་གི་མཐོ་རིམ་སློབ་གླིང་དང་། ཚན་རིག་ཞིབ་འཇུག་ཁང་། ནང་བསྟན་རིག་པའི་ལས་ཁུངས་བཅས་ཀྱི་ཆེད་མཁས་པ་དང་སློབ་དཔོན་ཆེན་མོ་དག་ལ་སྤྲོ་སེམས་འཁོལ་བའི་དགའ་བསུ་དང་ཐུགས་རྗེ་ཆེ་ཞུས་པ་དང་། དེ་ནས་1949ལོར་མཚོ་སྔོན་མི་རིགས་སློབ་ཆེན་བཙུགས་པ་ནས་ད་ལྟའི་བར་གྱི་རང་བྱུང་ཚན་རིག་རིག་པ་དང་། ཁྲིམས་ལུགས་རིག་པ། དཔལ་འབྱོར་རིག་པ། དོ་དམ་རིག་པ། སློབ་གསོ་རིག་པ། ལོ་རྒྱུས་རིག་པ། གསོ་བ་རིག་པ། བཟོ་ལས་རིག་པ་སོགས་རིག་ཚན་ཆེན་མོ་དགུ་རུ་འཕེལ་བའི་ཁྱད་ཆོས་མངོན་གསལ་དོད་པའི་ཕྱོགས་བསྡུས་རང་བཞིན་གྱི་སློབ་ཆེན་དུ་གྱུར་ཡོད་པ་དང་། 2018ལོར་སློབ་གྲྭས་དེ་སྔའི་རིམ་པ་དང་པོའི་རབ་འབྱམས་པའི་པའི་རིག་ཚན12ཡོད་པའི་རྨང་གཞིའི་ཐོག་མི་རིགས་རིག་པའི་འབུམ་རམས་པའི་རིག་ཚན་ལ་ཆོག་མཆན་ཐོབ་པ་དང་སློབ་གྲྭའི་སློབ་གཉེར་རིམ་པ་སྔར་བས་གོང་དུ་ཕྱིན་ནས་སློབ་གྲྭའི་མཚན་སྙན་དང་ཤུགས་རྐྱེན་རྒྱུན་ཆད་མེད་པར་ཆེ་རུ་ཕྱིན་ཡོད་པ་སོགས་བགྲང་བྱ་བདུན་ཅུའི་བརྒྱུད་རིམ་ཁྲོད་ཀྱི་སློབ་གླིང་གི་འཕེལ་འགྱུར་ངོ་སྤྲོད་རགས་བསྡུས་བྱས་པ་མ་ཟད། རྗེ་ཙོང་ཁ་པ་སྐུ་མྱ་ངན་ལས་འདས་ནས་བགྲང་བྱ་600འཁོར་བར་ང་ཚོས་ཁོང་གི་མི་ཚེའི་རྣམ་ཐར་དང་། གསུང་རྩོམ། མཚན་ཉིད་རིག་པའི་ལྟ་གྲུབ་སོགས་ལ་རྒྱ་ཆེ་ཞིང་གཏིང་ཟབ་པའི་བགྲོ་གླེང་བྱེད་པ་དེས་ཀྲུང་ཧྭ་མི་རིགས་ཀྱི་ཕུལ་ཏུ་བྱུང་བའི་སྲོལ་རྒྱུན་རིག་གནས་དར་སྤེལ་དང་། བོད་བརྒྱུད་ནང་བསྟན་དང་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་ཕན་ཚུན་མཉམ་གནས་འཕེལ་རྒྱས་ཡོང་བར་དོན་སྙིང་ལྡན་ཞེས་བཤད་པ་རེད།
     2014ལོའི་ཟླ་8པར་རྗེ་ཙོང་ཁ་པ་ཞིབ་འཇུག་གླིང་དངོས་སུ་བཙུགས་པ་ནས་ད་བར་དུ་ཐོག་མཐའ་བར་གསུམ་དུ་མི་རིགས་རིག་གནས་རྒྱུན་འཛིན་དང་དར་སྤེལ་དང་། གསར་གཏོད་ཀྱི་གྲུབ་འབྲས། མི་སྣ་འཇོན་ཐང་ཅན་སྐྱེད་བསྲིང་བཅས་བྱས་ཏེ། རྗེ་ཙོང་ཁ་པ་ཞིབ་འཇུག་གླིང་འདིས་ལོ་ངོ་ལྔའི་འབད་བརྩོན་ལ་བརྟེན་ནས་རྗེ་ཙོང་ཁ་པའི་རྣམ་ཐར་དཔེ་དེབ་ལྔ་དང་། གཞུང་ལུགས་ཀྱི་དཔེ་དེབ་བཅུ། འདྲ་པར་གྱི་དེབ་གཅིག་བཅས་གཙོ་སྒྲིག་བྱས་ཡོད་ལ། ལོ་རེ་བཞིན་བགྲོ་གླེང་ཚོགས་འདུ་འཚོགས་ནས་ད་བར་དུ་ཐེངས་ལྔར་སྤེལ་ཏེ་དཔྱད་རྩོམ་ཕྱོགས་བསྒྲིགས་ཀྱི་དཔེ་དེབ་བདུན་བཅས་དཔར་དུ་བསྐྲུན་ནས་སྤྱི་ཚོགས་སུ་བཀྲམས་ཡོད། 2017ལོར་ཞིབ་འཇུག་གླིང་གིས་སྒེར་གྱིས་མ་དངུལ་བསྡུས་ཏེ་སློབ་གྲྭ་རིམ་པའི་ལས་གཞིའི་རྣམ་གྲངས12དང་། རྒྱལ་ཁབ་སྤྱི་ཚོགས་ཚན་རིག་ཐེབས་རྩའི་ལས་གཞིའི་རྣམ་གྲངས1བཅས་ལེགས་གྲུབ་བྱུང་བས། ཞི་ཅིན་ཕིང་གི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པས་མཛུབ་ཁྲིད་བྱས་ཏེ་ཀུན་སྤྱོད་ལ་བརྟེན་ནས་མི་སྣ་གསོ་སྐྱོང་བྱེད་པའི་རྩ་བའི་ལས་འགན་ཐོག་མཐའ་བར་གསུམ་དུ་ཨང་དང་པོར་བཞག་ནས་མི་རིགས་ཁག་གི་སྲོལ་རྒྱུན་རིག་གནས་རྒྱུན་འཛིན་དང་དར་སྤེལ་ལ་ཧུར་ཐག་བྱེད་བཞིན་ཡོད་ཅེས་བཤད་པ་རེད།
     དེའི་རྗེས་ཚོགས་འདུའི་གོ་རིམ་བཞིན་བགྲོ་གླེང་དངོས་སུ་འགོ་བརྩམས་ཤིང་རྒྱལ་ཡོངས་དམངས་ཆེན་གྱི་འཐུས་མི་དང་། སྔོན་མཚོ་སྔོན་མི་རིགས་སློབ་གྲྭ་ཆེན་མོའི་སློབ་གཙོའམ་རྒྱལ་སྲིད་སྤྱི་ཁབ་ཁང་གི་དམིགས་བསལ་གྲོན་དངུལ་ལོངས་སུ་སྤྱོད་བཞིན་པའི་ཆེད་མཁས་པ་ཧྭི་ཧྥུན་དང་། སྔོན་ཀྲུང་གོའི་བོད་རིག་པ་ལྟེ་གནས་དཔལ་འབྱོར་ཁང་གི་འགོ་གཙོའམ་ཚན་རིག་ཞིབ་འཇུག་གཞུང་སྒྲུབ་ཁང་གི་ཀྲུའུ་རེན། ཆོས་ལུགས་ཁང་གི་འགོ་གཙོ་ཀྲུའུ་ཝེས། ཀྲུང་དབྱང་མི་རིགས་སློབ་གྲྭ་ཆེན་མོའི་མི་རིགས་རྩོམ་རིག་གི་ཆེད་མཁས་པའམ་འབུམ་རམས་པའི་མཛུབ་སྟོན་སློབ་དཔོན་ཆེན་མོ་ཝོའུ་ལིས་ཅིས་པཱ་ཡཱ་འར་སོགས་གདན་འདྲེན་བྱས་ཡོད་པའི་ཆེད་མཁས་པ་དག་གིས་རེ་རེ་བཞིན་བོད་སོག་རིག་གནས་དང་རྗེ་ཙོང་ཁ་པའི་བསམ་བློའི་ཞིབ་འཇུག་དང་། རྣམ་ཐར་ལས་འདུལ་བའི་གཞུང་ལུགས་ཀྱིས་རྗེ་རིན་པོ་ཆེར་ཐེབས་པའི་ཤུགས་རྐྱེན། རྗེ་ཡབ་སྲས་གསུམ་གྱི་གསུང་འབུམ་དཔེ་བསྡུར་མའི་གསལ་བཤད་སོགས་ཀྱི་དཔྱད་རྩོམ་སུམ་ཅུ་ལ་ཉེ་བར་བགྲོ་གླེང་དང་ཡུལ་དངོས་སུ་དྲི་བ་བཏོན་ཏེ་རྗེ་ཙོང་ཁ་པའི་རྣམ་ཐར་དང་ལྟ་གྲུབ། རྩོམ་རིག་སྒྱུ་རྩལ། སྤྱི་ཚོགས་ལ་ཐེབས་པའི་ཤུགས་རྐྱེན་སོགས་ཀྱི་ཐད་བགྲོ་གླེང་གཏིབ་ཟབ་བྱས་པ་རེད།

འདི་རུ་དཔྱད་བརྗོད་འཇོག་པའམ་ཡང་ན་དཔྱད་བརྗོད་ལ་གཟིགས་ཆོག
དཔྱད་འཇོག་ཤོག་ངོས་ཕབ་བཞིན་པ།
正在加载评论列表...