སྡེབ་ངོས་རྩོམ་ཡིག་ཀློག་ཐབས།
དཀར་རིལ་མནན་ཏེ་རིགས་དབྱེ་ལ་ལྟ་བ།
མཚོ་སྔོན་མཚོ་སྐོར་ལྕགས་རྟ་འགྲན་སྡུར་སྐབས་བཅོ་བརྒྱད་པ་དངོས་སུ་ཚོགས་འགོ་ཚུགས།
རྩོམ་པ་པོ། མི་གསལ། རྩོམ་སྒྲིག་པ། Lhamo དུས་ཚོད། 2019-7-15 9:06:00 རྩོམ་ཁུངས། མཚོ་སྔོན་ཞིང་ཆེན་སྲིད་གཞུང་དྲ་བ། ཀློག་གྲངས།
     སྤྱི་ཟླ7ཚེས13ཉིན་གྱི་སྔ་དྲོའི་ཆུ་ཚོད10ཐོག མཚོ་ཤར་གྲོང་ཁྱེར་རྨ་ཙོང་ཁུལ་གསར་ནས“ཐིན་ཡོའུ་ཏེ་བུམ་པ”ཞེས་པའི2019ལོའི་མཚོ་སྔོན་པོ་སྐོར་བའི་རྒྱལ་སྤྱིའི་ལྕགས་རྟ་འགྲན་སྡུར་སྐབས་བཅོ་བརྒྱད་པ་དངོས་སུ་འགོ་རྩོམ་པའི་མཛད་སྒོ་བསྡུས།
     ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་དང་ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ལྷན་གྱི་ཀྲུའུ་རེན་ཝང་ཅན་ཅུན་མཛད་སྒོར་ཞུགས་པ་མ་ཟད། རྒྱལ་ཁབ་ལུས་རྩལ་སྤྱི་ཁྱབ་ཅུས་ཀྱི་ཅུས་ཀྲང་གཞོན་པ་ལི་ཅིན་མིང་དང་། ཀན་སུའུ་ཞིང་ཆེན་སྲིད་གཞུང་གི་འགོ་གཙོ་གཞོན་པ་ཀྲང་ཧྲི་ཀྲེན། ཉིང་ཞ་ཧུའེ་རིགས་རང་སྐྱོང་ལྗོངས་སྲིད་གཞུང་གི་འགོ་གཙོ་གཞོན་པ་དབྱང་ཕའེ་ཅུན་བཅས་དང་ལྷན་དུ་མཚོ་སྔོན་པོ་སྐོར་བའི་ལྕགས་རྟ་འགྲན་སྡུར་གྱི་མཛད་སྒོ་ཕྱེས། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ་ཞིང་ཆེན་སྲིད་གཞུང་གི་འགོ་གཙོ་ལིག་ཉིང་དང་། རྒྱལ་སྤྱིའི་ལྕགས་རྟ་འགྲན་སྡུར་མནའ་འབྲེལ་གྱི་འཐུས་མི་མ་ཅི་ཏེ·ཧ་ཞི་མོ·ཁེ་ལན། རྒྱལ་ཁབ་ལུས་རྩལ་སྤྱི་ཁྱབ་ཅུས་ཀྱི་ཅུས་ཀྲང་གཞོན་པ་ལི་ཅིན་མིང་བཅས་ནས་ཤིས་ཚིག་ཕུལ།
     ཞིང་ཆེན་གྱི་འགོ་གཙོ་རྡོ་རྗེ་རབ་བརྟན་དང་། ཀྲང་ཞི་མིང་། ཡུས་ཀྲུང་ལེ། ཀྲང་ཀོང་རོང་། ཉའོ་ཁྲེང་ཡུན། དབྱང་ཧྥན་ཁྲུན། རྒྱལ་ཁབ་རླུང་བརྙན་འཕྲིན་སྤྱི་ཁྱབ་ཅུས་དྲིལ་སྒྲོག་སིའི་སི་ཀྲང་གཞོན་པ་ཝང་ལིང་། ཀྲུང་གོའི་ལྕགས་རྟའི་ལུས་རྩལ་མཐུན་ཚོགས་ཀྱི་ཀྲུའུ་ཞི་ཧྲན་ཅིན་ཁང་། ཀྲུའུ་ཞི་གཞོན་པ་དང་དྲུང་ཡིག་ཆེ་མོ་ཧའོ་ཆིང་། ཀྲུང་གོའི་ཁོར་ཡུག་ཚན་རིག་སློབ་ཚོགས་ཀྱི་དྲུང་ཡིག་ཆེ་མོ། སྣོད་བཅུད་ཁོར་ཡུག་པུའུ་གཞུང་སྒྲུབ་ཐིང་གི་ཀྲུའུ་རེན་གཞོན་པ་ཝང་ཀྲི་ཧྭ། ཀྲུང་གོའི་རི་སྐྱེས་སྲོག་ཆགས་སྲུང་སྐྱོབ་མཐུན་ཚོགས་ཀྱི་ཚོགས་གཙོ་གཞོན་པ་དང་དྲུང་ཡིག་ཆེ་མོ་ལི་ཆིང་ཝན་སོགས་མཛད་སྒོར་ཞུགས། 
     ལིག་ཉིང་གིས་ཤིས་ཚིག་འབུལ་སྐབས། བདག་གིས་མཚོ་སྔོན་ཞིང་ཆེན་ཏང་ཨུ་དང་སྲིད་གཞུང་གི་ཚབ་བྱས་ཏེ་ཕྱོགས་བཞི་མཚམས་བརྒྱད་ནས་ཕེབས་པའི་སྐུ་མགྲོན་དང་། འགྲན་ཞུགས་ལུས་རྩལ་པ། རྩལ་ཁྲིད་པ་དང་ཤན་འབྱེད་པ། དེ་མིན་གསར་འགྱུར་ལས་རིགས་ཀྱི་གྲོགས་པོ་རྣམས་ལ་དགའ་བསུ་ཞུས་པ་ཡིན། གླིང་སྣེའི་ལྕགས་རྟ་འགྲན་སྡུར་ལ་མཚོན་ན་རིམ་པ་ཇེ་མཐོ་དང་མྱུར་ཚད་ཇེ་མགྱོགས། སྟོབས་ཤུགས་ཇེ་ཆེ་ཡིན་པ་དང་། དེ་ལས་མཐོ་སྒང་གི་ལྕགས་རྟ་འགྲན་སྡུར་ནི་ལུས་ཀྱི་སྙོམས་སྒྲིག་ནུས་པ་དང་། བློ་དང་རིག་པ་གྲུང་བོར་བྱེད་པ། རང་གཤིས་ལྷང་ངེར་འདོན་པ། སེམས་སུ་འདུན་མའི་ཁེངས་པའི་རང་བྱུང་ཁམས་ཆེན་མོའི་འགྲན་སློང་ཞིག་ཡིན། དབྱར་གྱི་དུས་བཟང་འདིར་ལྕགས་རྟར་ཞོན་ནས་མཚོ་སྔོན་པོ་སྐོར་ཞོར་ཏུ་འདས་སོང་ལ་ཕྱིར་དྲན་དང་མ་འོངས་པར་རེ་བས་ཕྱོགས་ཏེ་མཛེས་སྡུག་གི་ལང་ཚོ་སྨིན་པའི་ཡུལ་ལྗོངས་ལ་རོལ་མྱོང་བྱོས་དང་། གསལ་ཞིང་དྭངས་པའི་མཚོ་ངོས་དང་སྤྲིན་དཀར་གྱི་བང་རིམ་འགུལ་དུ་འཆིང་བའི་རི་རབ། དེ་མིན་མཚོ་བོད་མཐོ་སྒང་གི་མཚོ་མོ་དང་མཚོ་དབུས་ཀྱི་གླིང་ཕྲན་སོགས་འཇིག་རྟེན་ལས་འདས་པའི་རྨ་འབྲི་རྫ་གསུམ་འབྱུང་ཡུལ་གྱི་རྨད་བྱང་ངོ་མཚར་གྱིས་ཁྱེད་རང་སྔར་བཞིན་རྨི་ལམ་གྱི་ཞིང་ལ་འདྲེན་ངེས་ཡིན། ལྷག་པར་འགྲན་སྡུར་འདིས་ལྗང་མདོག་རྒྱུད་སྒྲོག་དང་། བདེ་ཐང་དར་སྤེལ། འབྲེལ་འདྲིས་ལ་སྐུལ་སྤེལ་བཅས་མི་དམངས་ཀྱི་རེ་བ་དང་སེམས་འདུན་ཉར་ཞིང་། ལས་རིགས་ཁག་གི་ཐུགས་ཁུར་དང་རྒྱབ་སྐྱོར་གྱི་ས་བོན་མང་པོ་བསྡུས་ནས་མཚོ་སྐོར་ལྕགས་རྟ་འགྲན་སྡུར་གྱི་ལུས་རྩལ་གྱི་དགོངས་དོན་དར་སྤེལ་དང་། ཀྲུང་གོའི་མཛེས་པ་ཀུན་ལ་ངོམ་པའི་ལུས་རྩལ་གྱི་གསོལ་སྟོན་གྱ་ནོམ་ཞིག་འཛམ་གླིང་ལ་བཤམས་ཡོད་ཟེར།
     ལིག་ཉིང་གིས་འདི་སྐད། ད་ལོ་ནི་ཀྲུང་གོ་གསར་པ་དབུ་བརྙེས་ནས་ལོ70འཁོར་བའི་ལོ་དང་། མཚོ་སྐོར་རྒྱལ་སྤྱིའི་ལྕགས་རྟ་འགྲན་སྡུར་སྤེལ་ནས་ལོ་ངོ18ཕྱིན་པའི་ལོ་ཡིན། ལོ་ངོ70ཡི་ཉི་ཟླའི་འཁོར་སྐྱོད་དང་། ལོ་ངོ18ཡི་འབད་བརྩོན་ལྷོད་མེད་འོག ང་ཚོས་ལྷད་མེད་དྭངས་གཙང་དང་། སྒོ་འབྱེད། གསར་གཏོད། མཉམ་སྤྱོད། སྲི་ཚགས་ཀྱི་འདུ་ཤེས་ལག་ལེན་ཏུ་བསྟར་ནས་འགྲན་སྡུར་སྤེལ་བ་ཡིན། ཐེངས་འདིའི་འགྲན་སྡུར་ལེགས་པོ་བསྒྲུབ་ཆེད། ནུས་ཤུགས་ཅི་ཡོད་ཀྱི་སྒོ་ནས་འགན་སྲུང་དང་ཞབས་ཕྱི་ལས་ཀ་ཚགས་སུ་ཚུད་པ་བྱས་ནས་མཐོ་ཚད་གསར་པ་དང་། ཆུ་ཚད་གསར་པ། ནང་དོན་གསར་པ་ཁ་སྣོན་བྱས་ཡོད་པས། ང་ཚོ་དང་རང་བྱུང་ཁམས་འཆམ་མཐུན་མཉམ་གནས་དང་། བཞུད་ལམ་འདིའི་གྲུབ་འབྲས་ཡོད་ཚད་འཁྱེར་ནས་མིའི་རིགས་ཀྱི་སྤྱི་མཐུན་གྱི་ལས་དབང་ལ་ལག་རྗེས་སྔར་ལས་ལྷག་པ་ཞིག་འཇོག་ཐུབ་རྒྱུ་རེ་བ་ཡོད་ཟེར།
     མ་ཅི་ཏེ·ཧ་ཞི་མུ·ཁེ་ལན་གྱིས་འདི་སྐད། མཚོ་སྔོན་པོ་སྐོར་བའི་རྒྱལ་སྤྱིའི་ལྕགས་རྟ་འགྲན་སྡུར་ནི་འཛམ་གླིང་ཐོག་འགྲན་སློང་གི་རང་བཞིན་ཆེ་ཆེར་ལྡན་པའི་འགྲན་སྡུར་གྲས་ཀྱི་གཅིག་རེད། ལོ་ངོ་དུ་མའི་རིང་ལ་འཛམ་གླིང་གི་རྒྱལ་ཁབ་སོ་སོ་ནས་ལུས་རྩལ་པ་རྩེ་གྲ་མང་པོ་འགྲན་སྡུར་འདི་ལ་ཞུགས་མྱོང་ཡོད་པས་ངེས་དོན་སྙིང་བོ་ལྡན་པའི་རྒྱལ་སྤྱིའི་འགྲན་སྡུར་ཞིག་རེད། ལྷག་པར་ཨེ་ཤ་ཡ་གླིང་ཆེན་གྱི་ལྕགས་རྟ་འགྲན་སྡུར་གྱི་ལས་རིམ་ཁྲོད་བར་མ་ཆད་པར་ཚུད་ནས་གོ་གནས་ཀྱང་གལ་ཆེན་ཟིན་ཞིང་། ལྕགས་རྟའི་ལུས་རྩལ་འདི་ཀྲུང་གོ་ནས་གསོན་ཤུགས་རྒྱས་ཤིང་ཡར་རྒྱས་བྱུང་བ་ལ་རྒྱལ་སྤྱིའི་ལྕགས་རྟའི་མནའ་འབྲེལ་ལ་མཚོན་ན་ཡང་ཧ་ཅང་ཡིད་ཚིམས་པའི་གནས་ཤིག་ཡིན། རྒྱུ་མཚན་མཚོ་སྔོན་ལྟ་བུའི་ས་བབ་འདི་འདྲ་མཐོ་ཤོས་ནས་འགྲན་སྡུར་འདི་ལྟ་བུ་ཞིག་སྤེལ་ཐུབ་པ་དངོས་འདྲའི་ཁྱད་དུ་འཕགས་པ་ཞིག་རེད་ཟེར།
     ལི་ཅིན་མིང་གིས་ཤིས་ཚིག་འབུལ་སྐབས། མཚོ་སྐོར་རྒྱལ་སྤྱིའི་ལྕགས་རྟ་འགྲན་སྡུར་འདི་ཀྲུང་གོའི་ལྕགས་རྟ་འགྲན་སྡུར་ཀུན་གྱི་གཙོ་བོ་ཞིག་ཡིན་པའི་ཆ་ནས2002ལོ་ནས་བཟུང་ད་བར་དུ་ལོ་ངོ་བཅོ་བརྒྱད་རིང་གི་འཚར་ལོངས་དང་གསར་བཟོ་སོགས་འཕེལ་རྒྱས་ཀྱི་གོ་རིམ་མང་པོ་བརྒྱུད་ཡོད་ལ།  ད་ལྟ་འཛམ་གླིང་གི་མིག་རྒྱང་ལྡན་ཞིང་། རྒྱལ་སྤྱིའི་ཚད་གཞི་ལྡན་པ། ཀྲུང་གོའི་ཁྱད་ཆོས་ལྡན་པའི་རྒྱལ་སྤྱིའི་མཚོན་རྟགས་ཅན་གྱི་འགྲན་སྡུར་ཞིག་ཏུ་གྱུར་ཡོད་པ་མ་ཟད། འཛམ་གླིང་ཐོག་རིམ་པ་འདི་ལྟ་བུའི་འགྲན་སྡུར་ཁྲོད་ས་བབ་ཆེས་མཐོ་ཞིང་། བྱ་དགའ་ཆེས་མང་པ། བར་ཐག་ཆེས་རིང་བ། ཉིན་གྲངས་ཆེ་མང་པ། དཀའ་ཚད་ཆེས་མཐོ་བ་བཅས་ཐུན་མོང་མ་ཡིན་པའི་མཚོན་བྱེད་རང་བཞིན་གྱི་འགྲན་སྡུར་གྲགས་ཅན་ཏུ་གྱུར་ཡོད། ལྷག་པར་འགྲན་སྡུར་རང་སྟེང་དུ་ནུབ་རྒྱུད་ས་ཁུལ་གྱི་དར་རྒྱས་གོང་སྤེལ་ལ་ར་སྤྲོད་ཀྱི་ཆ་མང་པོ་ལྡན་པས་མཚོ་སྔོན་ལུས་རྩལ་གྱིས“ཐོག་མའི་སེམས་འདུན་མ་བརྗེད་པར་འགན་འཁྲི་ཡིད་ལ་དམ་པོར་འཆང་བའི”དགོངས་དོན་ལྷུར་བླངས་པ་གསོན་ཉམས་དང་ལྡན་པའི་སྒོ་ནས་མཚོན་པར་བྱས་ཡོད་ཟེར།
     ཉིན14རིང་གི་འགྲན་སྡུར་འདི་མཚོ་སྔོན་དང་ཀན་སུའུ། ཉིང་ཞ་བརྒྱུད་ནས་ལུས་རྩལ་གྱི་བདེ་ཐང་འཚོ་བའི་བསམ་བློ་རྒྱུད་སྒྲོག་དང་། ལུས་རྩལ་གྱི་དགོངས་དོན་དར་སྤེལ་བྱ་རྒྱུ་དང་། མཐོ་སྒང་གི་མཛེས་པ་ཉམས་རོལ་དང་། ལུས་རྩལ་ལ་བཅངས་པའི་དགའ་བ་འབུམ་ལྡན་གྱི་ངར་སེམས་ཁོ་ནས་ཀྱང་འགྲན་སྡུར་འདི་ཡག་པོ་ཞིག་འགྲུབ་པར་གདེང་ཚོད་ཆེན་པོ་ཡོད་ལ། ལུས་རྩལ་གྱིས་དཔལ་འབྱོར་གོང་སྤེལ་དང་། སྤྱི་ཚོགས་འཆམ་མཐུན། རིག་གནས་བརྗེ་སྤེལ། མངའ་ཁོངས་མཉམ་ལས་ལ་སྐུལ་འདེད་ཐུབ་པར་ཡང་ཕན་ཆེན་པོ་ཐོགས་ངེས་རེད།

འདི་རུ་དཔྱད་བརྗོད་འཇོག་པའམ་ཡང་ན་དཔྱད་བརྗོད་ལ་གཟིགས་ཆོག
དཔྱད་འཇོག་ཤོག་ངོས་ཕབ་བཞིན་པ།
正在加载评论列表...