སྡེབ་ངོས་རྩོམ་ཡིག་ཀློག་ཐབས།
དཀར་རིལ་མནན་ཏེ་རིགས་དབྱེ་ལ་ལྟ་བ།
རྨ་ལྷོ་སོག་རྫོང་གི2019ལོའི་ན་ཊམ་སྤྲོ་ཚོགས་ཆེན་མོ་གཟབ་རྒྱས་ངང་འཚོགས་པ།
རྩོམ་པ་པོ། མི་གསལ། རྩོམ་སྒྲིག་པ། Lhamo དུས་ཚོད། 2019-8-2 15:01:00 རྩོམ་ཁུངས། མཚོ་སྔོན་ཞིང་ཆེན་སྲིད་གཞུང་དྲ་བ། ཀློག་གྲངས།
     སྤྱི་ཟླ8ཚེས1ཉིན། རྨ་ལྷོ་སོག་རྫོང་གི་ན་ཊམ་སྤྲོ་ཚོགས་ཆེན་མོའམ་རྨ་ཁུག་གྱི་ལིང་རྟ་རྒྱུག་འགྲན་ཚོགས་སྐབས་ཉི་ཤུ་པ་རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱི་རྨ་ལྷོ་སོག་རིགས་རང་སྐྱོང་རྫོང་དུ་སྤེལ་འགོ་བརྩམས་ཤིང་། སི་ཁྲོན་དང་ཀན་སུའུ། རང་ཞིང་གི་རྫོང21ནས་ཡོང་བའི་འགྲན་ཞུགས་རུ་ཁག་མཛད་སྒོར་ཞུགས།
     རྨ་ལྷོ་སོག་རྫོང་ནི་རང་རེའི་ཞིང་ཆེན་གྱི་ཤར་ལྷོའི་ཕྱོགས་ཏེ་རྨ་འབྲི་རྫ་གསུམ་འབྱུང་ཡུལ་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོབ་ཁུལ་གྱི་ལྟེ་བར་ཆགས་ཡོད་ཅིང་། རྒྱལ་ཡོངས་ཀྱི་སོག་རིགས་རང་སྐྱོང་རྫོང་གཅིག་པུ་རེད། ཡུལ་ཁོངས་དེར་སྤུས་ལེགས་པའི་རྩྭ་ས་ཡུག་གཅིག་ཏུ་འབྲེལ་ནས་མཁའ་མཐར་མཉམ་ལ། དངུལ་ར་ལུག་གི་ཁྱིམ་གཞིས་དང་། རྨ་ཁུག་གྱི་ལིང་གི་ཕ་ས། བོད་ཁུལ་རྟ་རྒྱུག་འགྲན་རྒྱུག་གྲོང་ཞེས་པའི་མཚན་སྙན་ཡོད་པ་རེད།
     ཉེ་བའི་ལོ་འདི་འགར། ཀྲུང་དབྱང་གིས་བོད་ཁུལ་མགྱོགས་པོར་གོང་དུ་སྤེལ་བའི་སྲིད་ཇུས་ལག་བསྟར་ལ་རྒྱབ་སྐྱོར་བྱས་ནས་བཟུང་། སོག་རྫོང་གི་གོང་འོག་ཀུན“སྔོན་འགྲོ་གཅིག་དང་སྤུས་ལེགས་གཉིས”“ཁུལ་གསུམ་འཛུགས་སྐྲུན”ལག་བསྟར་དོན་འཁྱོལ་བྱེད་པའི་ལྗང་མདོག་འཕེལ་རྒྱས་ཀྱི་ལམ་དུ་ཞུགས་ནས་ཆབ་སྲིད་རླིང་ཞིང་དཔལ་འབྱོར་འཕེལ་བ། མི་རིགས་མཐུན་སྒྲིལ་ཡོད་པ། སྤྱི་ཚོགས་ཡར་རྒྱས་ཆེ་བ། མི་དམངས་བདེ་སྡོད་ལས་ལ་བརྩོན་པའི་རྣམ་པ་དགའ་འོས་པ་མངོན། 2017ལོར་རྫོང་དེ་ཞིང་ཆེན་ཡོངས་ཀྱི་སྔོན་ལ་དབུལ་པོའི་ཞྭ་མོ་ཕུད་ཐུབ་པར་མ་ཟད། སྔ་གཞུག་ཏུ་རྒྱལ་ཡོངས་དབུལ་སྐྱོར་དང་། ཁྲིམས་ལུགས་དར་སྤེལ། མི་རིགས་མཐུན་སྒྲིལ་ཡར་ཐོན་སྔོན་སྤེལ་ས་ཁུལ་ལ་སོགས་ཀྱི་གཟེངས་བསྟོད་ཐོབ། ལོ12རིང་ལ་བསྟུད་མར་རྒྱལ་ཁབ་སྐྱེ་ལྡན་བཟའ་ཆས་ཐོན་སྐྱེད་རྟེན་གཞི་ཡི་ཁས་ལེན་ཐོབ་པ་དང་། “དངུལ་ར་ལུག”དང“ཤོ་དོའི་གཡག”རྒྱལ་ཁབ་ཀྱི་ཕྱུགས་ཟོག་རྒྱུད་བཟང་ཐོན་ཁུངས་ཀྱི་མི་ཐོར་ཚུད། ཚོང་འགུགས་དངུལ་འདྲེན་ལ་ལོ་རྒྱུས་རང་བཞིན་གྱིས་འཕེལ་རྒྱས་ཆེན་པོ་བྱུང་བ་བཅས་རྫོང་དེའི་དཔལ་འབྱོར་དང་སྤྱི་ཚོགས་རྒྱུན་མཐུད་འཕེལ་རྒྱས་བྱུང་ཡོད་པ་རེད།
     “ན་ཊམ་སྤྲོ་ཚོགས”ནི་སོག་པོའི་ལོ་རྒྱུས་རིང་བའི་སྲོལ་རྒྱུན་དུས་ཆེན་ཞིག་ཡིན་ཞིང་། སོག་པོ་རྣམས་ཀྱིས་ལོ་རེའི་ཟླ་བདུན་པ་དང་བརྒྱད་པའི་ནང་ལ། ལོ་ལེགས་སྨིན་ཞིང་། ཕྱུགས་ཟོག་གི་ཤ་ཤེད་རྒྱས་པར་རྟེན་འབྲེལ་ཞུ་བར་སྤེལ་བའི་རིག་རྩལ་སྤྲོ་ཚོགས་ཆེན་པོ་ཞིག་རེད། དེ་ལས་རྟ་རྒྱུག་ནི་སྤྲོ་ཚོགས་འདིའི་བྱེད་སྒོའི་ཁྲོད་ཀྱི་བྱེད་སྒོ་གལ་ཆེན་ཞིག་ཡིན་ཞིང་། དེ་ལ་གཙོ་བོ་རྒྱུག་འགྲོས་མྱུར་རྩལ་འགྲན་པ་དང་། རྒྱུག་ཐག་རིང་བོ་འགྲན་པ་བཅས་སྣ་གཉིས་ཀྱིས་གྲུབ། དེར་མ་ཟད་འཇུ་རེས་དང་། མདའ་འཕེན་སོགས་རྩལ་འགྲན་གྱི་བྱེད་སྒོ་ཡང་མང་པོ་ཡོད་པ་རེད།
     ཤེས་གསལ་ལྟར་ན། ཐེངས་འདིའི་སྤྲོ་ཚོགས་ཆེན་ཉིན་གསུམ་ལ་སྤེལ་རྒྱུ་ཡིན་ཞིང་། ཉིན་གསུམ་པོའི་ནང་དུ་སྦེ་ག་འགྲན་སྡུར་དང་། གླང་ཆེན་ས་གཤགས། སྨི3000དང་། སྨི5000། སྨི6000། སྨི10000ཡི་རྟ་རྒྱུག་འགྲན་སྡུར་དང་། དམངས་གླུ། རྡུང་ལེན། ཤུལ་བཞག་རིག་གནས་ངོམ་སྟོན་ལ་སོགས་ཀྱི་རིག་རྩལ་དང་རོལ་རྩེད་སྤེལ་རྒྱུ་རེད།

འདི་རུ་དཔྱད་བརྗོད་འཇོག་པའམ་ཡང་ན་དཔྱད་བརྗོད་ལ་གཟིགས་ཆོག
དཔྱད་འཇོག་ཤོག་ངོས་ཕབ་བཞིན་པ།
正在加载评论列表...