སྡེབ་ངོས་རྩོམ་ཡིག་ཀློག་ཐབས།
དཀར་རིལ་མནན་ཏེ་རིགས་དབྱེ་ལ་ལྟ་བ།
མཱར་ཁུ་ཟིའི་བཅར་འདྲིའི་གླེང་མོལ།
རྩོམ་པ་པོ། འབྲོང་ཕྲུག་གིས་བསྒྱུར། རྩོམ་སྒྲིག་པ། Bdechen mtso དུས་ཚོད། 2014-5-8 10:48:00 རྩོམ་ཁུངས། མཚོ་སྔོན་པོ་དྲ་བ། ཀློག་གྲངས།

    
རྩོམ་པ་པོ་མཱར་ཁུ་ཟི་ལགས།

རྩོམ་པ་པོ་ནི་ནམ་ཡང་ཁེར་རྐྱང་གི་འཐབ་འཛིང་བ་ཞིག་གོ།(ཚན་བཏུས།)
                           ________མཱར་ཁུ་ཟིའི་བཅར་འདྲིའི་གླེང་མོལ།

  མཱར་ཁུའེ་སི།  ངས་ནི་སྐབས་ལན་རེར་རྩོམ་ཡིག་བྲིས་པ་ཙམ་སྟེ།  ཡང་ན།  དེ་ནི་གྲོགས་པོ་སུ་ཞིག་ལ་ང་ཚོའི་མི་རབས་འདིར་རྩོམ་པ་པོ་འཁྲུངས་སྲིད་པ་བདེན་དཔང་བྱེད་ཆེད་ཙམ་མོ། །   དེ་ནས་བཟུང་།  ང་རང་གསར་རྩོམ་ལ་ཕྱོགས་ཤིང་འབྲི་མཚམས་འཇོག་མི་ཐུབ་པའི་ཚད་ལ་སླེབས།  རྗེས་སུ།  ངས་རྩོམ་ཡིག་འབྲི་བ་ལས་གཞན་འཇིག་རྟེན་འདིར་ངའི་བློ་ཁ་ཕྱོགས་ས་ཅི་ཡང་མི་འདུག་བསམ་བྱུང་། 
  མིན་ཏའོ་སཱ། ཁྱེད་ཀྱིས་རྩོམ་ཡིག་འབྲི་བ་ནི་ཆེས་སྤྲོ་བའི་བྱ་བ་ཞིག་རེད་ཟེར་མྱོང་བ་དང་།  ད་དུང་རྩོམ་ཡིག་འབྲི་བ་ནི་ཆེས་སྡུག་པའི་བྱ་བ་ཞིག་ཀྱང་རེད་ཅེས་བཤད་མྱོང་།  དོན་དངོས་སུ།  དེ་ལ་ཇི་ལྟར་ལྟ་དགོས་སམ།
  མཱར་ཁུའེ་སི། བཤད་སྟངས་རིགས་གཉིས་ཀ་འགྲིག་སྟེ།  ངས་ཐོག་མར་རྩོམ་ཡིག་འབྲི་དུས་སུ།  སོ་མར་རྩོམ་འབྲིའི་ལྐོག་གྱུར་གྱི་གསང་བར་ཉམས་ཞིབ་བྱས་པ་ཡིན་པས།  སེམས་ཁམས་སྤྲོ་ཞིང་སྐྱིད་པར།  རང་ཉིད་ལ་ལྡོག་པའི་འགན་འཁྲི་ཅི་ཡང་མེད་པར་བསམ་ཡོད།   སྐབས་དེར།  ངས་ཉིན་རྒྱུན་ཞོགས་པའི་ཆུ་ཚོད་གཉིས་གསུམ་གྱི་སྟེང་དུ་ཚགས་པར་ཁང་གི་བྱ་བ་སྒྲུབ་ཚར་འགྲོ་བ་དང་།  ད་དུང་རྩོམ་ཡིག་ཤོག་གྲངས་བཞི་ལྔ་ནས་བཅུ་ཁ་ཞིག་འབྲི་ཐུབ་པ་དྲན་གྱིན་འདུག  སྐབས་ལན་རེར།  དབུགས་ཐེངས་གཅིག་གིས་སྒྲུང་ཐུང་ཞིག་བྲིས་ཚར་ཀྱང་མྱོང་།
  མིན་ཏའོ་སཱ། ད་ལྟ་ཇི་འདྲ་རེད།
  མཱར་ཁུའེ་སི། ད་ལྟ་ཉིན་གཅིག་ལ་ཚན་པ་གཅིག་བྲིས་ཚར་ཚེ་བསོད་ནམས་ཆེ་སོང་བ་རེད།  དུས་ཚོད་ཀྱི་འདའ་བསྣུར་དང་བསྟུན་ནས།  རྩོམ་ཡིག་འབྲི་བ་དེ་སྔར་ནས་བྱ་བ་སྡུག་པོ་ཞིག་ཏུ་གྱུར་འདུག
  མིན་ཏའོ་སཱ།ཅིའི་ཕྱིར།  མི་གཞན་པས་བཤད་ན།  ཁྱེད་རང་རྩོམ་ཡིག་གི་ཁ་ལོ་བསྒྱུར་བའི་ཐབས་རྩལ་ལ་བྱང་ཆུབ་ཡོད་ཟེར།  དེ་འདྲ་ཞིག་ཡིན་ཚེ།  རྩོམ་ཡིག་འབྲི་རྒྱུ་ནི་བསམ་ཐོག་དོན་སྨིན་ཞིག་ཡིན་འོས་པ་མ་ཡིན་ནམ།
  མཱར་ཁུའེ་སི། གནད་དོན་ཧ་ཅང་སླ་མོ་ཞིག་རེད།  དེ་ནི་འགན་འཁྲིའི་འདུ་ཤེས་ཇེ་ཆེ་ནས་ཇེ་ཆེར་གྱུར་བས་རེད།  ད་ལྟ་ངས་ཡིག་འབྲུ་གཅིག་བྲིས་ནའང་ལྡོག་ནུས་ཆེན་པོ་ཞིག་ཡོད་པ་དང་།   མི་མང་པོ་ཞིག་ལ་ཤུགས་རྐྱེན་ཐེབས་པར་བྱེད།
  མིན་ཏའོ་སཱ། ཡང་ན།  དེ་ནི་ཁྱེད་རང་མིང་ལ་གྲགས་རྗེས་ཀྱི་མཇུག་འབྲས་ཡིན་ངེས།  སྙན་གྲགས་ཀྱིས་ཁྱེད་ཀྱི་བློ་སེམས་ཟང་ཟིང་དུ་གཏོང་ངམ།
  མཱར་ཁུའེ་སི། ངའི་བློ་སེམས་དངོས་གནས་མི་བདེ་བར་འདུག   ང་ཚོའི་གྲགས་ཅན་གྱི་རྩོམ་པ་པོ་འཁྲུངས་མི་དཔེ་བར་སྙམ་པའི་སྐམ་ས་ཆེན་པོ་འདི་ལྟ་བུ་ཞིག་གི་སྟེང་དུ།  རྩོམ་རིག་གི་ཤེས་ཡོན་མེད་པའི་མི་ཞིག་ལ་མཚོན་ནས་བཤད་ན།   དེ་འདྲ་ཞིག་རེད་དེ།  རྒྱུ་མཚན་ནི་ཁོའི་དཔེ་ཆ་ཤ་རྒྱུ་མངར་མོ་ཞིག་དང་འདྲ་བར་འཚོང་གིན་ཡོད་པས་སོ། །  ང་ནི་རང་ཉིད་མི་མང་གི་དད་བཀུར་བྱེད་ཡུལ་དུ་གྱུར་བར་སུན་སྣང་སྐྱེས་ཤིང་།   བརྙན་འཕྲིན་དང་ཚོགས་ཆེན།   སྙན་ཞུའི་ཚོགས་འདུ།  བཞུགས་མོལ་ཚོགས་འདུ་ལ་སོགས་པར་ཀྱང་སུན་སྣང་སྐྱེས་གི་འདུག
  མིན་ཏའོ་སཱ།དེ་ན། བཅར་འདྲི་ལ་སུན་སྣང་སྐྱེས་སམ།
  མཱར་ཁུའེ་སི།དེ་ལའང་སུན་སྣང་སྐྱེས་ཡོང་།  ངས་མི་སུ་དང་གང་ལའང་ཁེ་གྲགས་རྩོད་འདོད་མི་འདུག   འདི་ནི་རི་འཛེགས་ལུས་རྩལ་པས་ཚེ་སྲོག་ལ་མ་འཛེམས་པར་ཆེས་མཐོ་སའི་རི་རྩེར་བུད་པ་དང་འདྲ་སྟེ།  རི་རྩེར་འགོས་རྗེས་གོམ་པ་རྗེས་མ་ཅི་བྱེད་དམ།  མར་འབབ་དགོས་པ་རེད།  ཡང་ན།  ཐབས་མཁས་དང་ངོ་སོ་ཆེན་པོའི་སྒོ་ནས་མར་འབབ་དགོས་པ་རེད།
  མིན་ཏའོ་སཱ།ཁྱེད་རང་ལོ་ན་གཞོན་དུས་སུ།  གཞན་པའི་བྱ་བ་གང་མང་སྒྲུབ་མྱོང་བ་རེད།  དེ་ན།  དགོང་རྒྱུན་རྩོམ་ཡིག་འབྲི་དུས་སུ།  དུ་བ་མང་པོ་འཐེན་པ་ཡིན་ནམ།
  མཱར་ཁུའེ་སི། ཉིན་གཅིག་ལ་དུ་རྐང་བཞི་བཅུ་འཐེན་པ་ཡིན།
  མིན་ཏའོ་སཱ། ད་ལྟ་ཇི་འདྲ་འཐེན་གྱིན་ཡོད།
  མཱར་ཁུའེ་སི། ད་ལྟ་འཐེན་གིན་མེད། ངས་ཉིན་དཀར་རྐྱང་རྐྱང་ལ་བྱ་བ་སྒྲུབ་ཀྱིན་ཡོད།
  མིན་ཏའོ་སཱ།སྔ་དྲོ་ཡིན་ནམ།
  མཱར་ཁུའེ་སི། སྔ་དྲོའི་ཆུ་ཚོད་དགུ་བ་ནས་ཕྱི་དྲོའི་ཆུ་ཚོད་གསུམ་པའི་བར་ཡིན།  སྐབས་དེར།  ཁང་བའི་ནང་གྲག་མེད་འགུལ་མེད་དུ་ཁུ་སིམ་མེར་ཡོད་ལ།  དྲོད་རླངས་ཀྱང་ཧ་ཅང་འཛོམས་པོ་ཡོད་པ་རེད།  གལ་ཏེ།   ཁང་བའི་ནང་འུར་ཟིང་དང་གྲང་འཁྱག་གིས་ཁེངས་ཚེ། ངའི་བསམ་གཞིགས་ཀྱང་ཞོར་དུ་འཆོལ་འགྲོ་བ་རེད། 
  མིན་ཏའོ་སཱ།ཁྱེད་རང་རྩོམ་པ་པོ་གཞན་དག་དང་འདྲ་བར།  འབྲི་ཤོག་སྟོང་བར་ཅེར་ནས་བློ་གཡེང་སེམས་ཁྲལ་སྐྱེས་མྱོང་ངམ།
  མཱར་ཁུའེ་སི། བདེན།   སྨན་གཞུང་དུ་བཤད་པའི་བློ་སྒག་གི་སྐྲག་འཇིགས་ལས་གཞན།   ང་ལ་སེམས་ཁྲལ་སྐྱེས་པའི་དོན་དག་འདི་གཅིག་པུ་ལས་མེད།   འོན་ཀྱང་།   ངས་ཧའེ་མེན་བེ་ཡི་བསླབ་བྱར་ཉན་རྗེས།  སེམས་ཁྲལ་འདི་རིགས་དེ་མུར་ཡལ་འགྲོ་བ་རེད།  ཁོས་ཉིན་གཉིས་པར་ལས་ཅི་ཞིག་སྒྲུབ་རྒྱུ་ཁོ་ཐག་ཆོད་པ་ན།  ད་གཟོད་ངལ་གསོས་ཆོག་ཟེར།
  མིན་ཏའོ་སཱ།ཁྱེད་ལ་མཚོན་ནས་བཤད་ན།  ཆ་རྐྱེན་ཅི་འདྲ་ཞིག་གི་འོག་ནས་ད་གཟོད་དཔེ་ཆ་ཞིག་རྩོམ་ཐུབ་པ་ཡིན། 
  མཱར་ཁུའེ་སི།མིག་མཐོང་ལག་ཟིན་གྱི་སྣང་བརྙན་ཞིག་ལ་བརྟེན་དགོས།  ངའི་སྣང་ངོར།  རྩོམ་པ་པོ་གཞན་དག་གིས་བསམ་ཚུལ་ཞིག་དང་འདུ་ཤེས་ཤིག་གིས་ཀྱང་དཔེ་ཆ་ཞིག་རྩོམ་གྲུབ་འབྱུང་མོད།  ངས་ནི་ཐོག་མར་སྣང་བརྙན་ཞིག་རྙེད་དགོས།  《རེས་གཟའ་གཉིས་པའི་གུང་གཉིད་ཀྱི་དུས་སུ་》ཞེས་པའི་སྒྲུང་ཐུང་དེ་ནི་ངའི་བློར་ཆེས་འབབ་པའི་བརྩམས་ཆོས་ཤིག་ཡིན།  དེ་ནི་ངས་དབེན་སྟོང་གི་གྲོང་བརྡལ་ཞིག་ཏུ། ལུས་ལ་མྱང་གོས་གྱོན་ཞིང་ལག་ཏུ་བསིལ་གདུགས་ནག་པོ་ཐོགས་པའི་བུད་མེད་ཅིག་གིས།  མྱང་གོས་གྱོན་པའི་བྱིས་མོ་ཆུང་ཆུང་ཞིག་ཁྲིད་དེ་མེ་ལྟར་ཚ་བའི་ཉི་འོད་འོག་རྒྱུག་འགྲོ་བ་མཐོང་རྗེས་བྲིས་པ་ཡིན།  《ལོ་མ་འཐོར་བའི་ཡལ་ཀ་སྐམ་པོ་》ཞེས་པ་དེ་ནི་རྒད་པོ་ཞིག་གིས་ཚ་བོ་ཁྲིད་ནས་དུར་མཆོད་ཅིག་ལ་འགྲོ་བར་བྲིས་པ་ཡིན།  《འཕྲིན་ཡིག་འབྲི་མཁན་མེད་པའི་དམག་དཔོན་》ཞེས་པའི་སྒྲུང་དེབ་ནི་མི་ཞིག་གིས་པཱ་ལན་ཅིས་ལེ་ཡཱའི་འདུ་འཛི་ཆེ་བའི་གྲུ་ཁ་རུ་སྒྲོལ་གྲུར་སྒུག་པའི་སྣང་བརྙན་དེར་གཞི་བཅོལ་བ་ཡིན།  མི་དེ་ཁུ་སིམ་མེར་སྐད་ཆ་ཅི་ཡང་མི་བཤད་ལ།  སེམས་བྲེལ་ནས་གྲོག་མ་མེ་ཐོག་ཏུ་སྟོར་བ་དང་འདྲ།  ལོ་མང་པོ་འགོར་བའི་རྗེས་སུ། ངས་པཱ་ལི་རུ་འཕྲིན་ཡིག་ཅིག་ལ་སྒུག་པ་ཡིན།  ཡང་ན། འཛིན་ཡིག་ཅིག་ལ་སྒུག་པ་འདྲ།  དེ་ནི་ངའི་དྲན་པའི་ཁྲོད་ཀྱི་མི་དེ་དང་འདྲ་བར།  དེ་འདྲའི་འདུག་བཟོད་མི་ཐུབ་པ་ཞིག་རེད།   

གཙོ་ངོས།ཤོག་ངོས་གོང་མ།1234ཤོག་ངོས་འོག་མ།ཤོག་ངོས་མཐའ་མ།

འདི་རུ་དཔྱད་བརྗོད་འཇོག་པའམ་ཡང་ན་དཔྱད་བརྗོད་ལ་གཟིགས་ཆོག
དཔྱད་འཇོག་ཤོག་ངོས་ཕབ་བཞིན་པ།
正在加载评论列表...