སྡེབ་ངོས་རྩོམ་ཡིག་ཀློག་ཐབས།
དཀར་རིལ་མནན་ཏེ་རིགས་དབྱེ་ལ་ལྟ་བ།
ཐིག་དམར་སྟེང་གི་གངས་དཀར་སྲས་མོ་སྟེ་རི་བོ་ཆི་ལི་མཱ་ཀྲ་ལོ།
རྩོམ་པ་པོ། མི་གསལ། རྩོམ་སྒྲིག་པ། Lhamo དུས་ཚོད། 2015-10-2 7:21:00 རྩོམ་ཁུངས། མཚོ་སྔོན་པོ་དྲ་བ། ཀློག་གྲངས།

ཐིག་དམར་སྟེང་གི་གངས་དཀར་སྲས་མོ་སྟེ་རི་བོ་ཆི་ལི་མཱ་ཀྲ་ལོ།

ཐིག་དམར་སྟེང་གི་གངས་དཀར་སྲས་མོ།
རི་བོ་ཆི་ལི་མཱ་ཀྲ་ལོ།

     སའི་གོ་ལའི་སྟེང་དུ་རྒྱ་མཚོ་ངོས་ལས་ཤིན་ཏུ་མཐོ་བའི་རི་བོ་མང་ཡང་། འོན་ཏེ་ཐིག་དམར་སྟེང་དུ་གངས་རི་གཅིག་མ་གཏོགས་མེད། དེ་ནི་རི་བོ་ཆི་ལི་མཱ་ཀྲ་ལོ་ཡིན། དེའི་མཐོ་ཚད་ལ་མཚོ་ངོས་ལས་སྨིས5895ཡོད་པ་དང་། ཧྥེ་གླིང་སྐམ་ས་ཆེན་པོའི་སྟེང་གི་ཆེས་མཐོ་བའི་རི་བོ་ཡིན་ཞིང་། ཧྥེ་གླིང་གི་ཡང་རྩེ་ཞེས་འབོད་མོད། ཡིན་ནའང་ས་ཁམས་རིག་པ་བ་མང་བོ་ཞིག་གིས་ཧྥེ་གླིང་གི་རྒྱལ་པོ་ཞེས་བརྗོད་པར་སྤྲོ།
     སའི་གོ་ལའི་སྟེང་གི་རི་ཟོམ་མཐོ་ཤོས་དག་ནི་ཚར་དུ་དམར་བའི་རི་རྒྱུད་ཁྲོད་ཀྱི་ཆ་ཤས་ཤིག་ཡིན། འོན་ཀྱང་། རི་བོ་ཆི་ལི་མཱ་ཀྲ་ལོ་ནི་ཁེར་རྐྱང་དུ་ཀྲོང་ངེར་འགྱིང་བའི་རི་བོ་གཅིག་ལས་གྲུབ་པ་རེད། གངས་ཀྱིས་བཀླུབས་པའི་རི་རྩེ་རུ་ནམ་རྒྱུན་སྨུག་སྤྲིན་དྭངས་དུས་མེ་ལྟར་ཚ་བའི་ཉི་ཟེར་གྱི་འོད་མདངས་ཁྲོད་ཁ་དོག་རྣམ་པར་བཀྲ་བའི་རང་བྱུང་གི་སྣང་ཚུལ་ལྷང་ངེར་མངོན་འོང་། རི་འདབས་ནི་ཚ་ཁུལ་ཡུལ་ལྗོངས་ཤིག་ཡིན་པས། རི་འདབས་དང་རྩེ་མོ་གཉིས་ནི་འཇིག་རྟེན་གཉིས་ཡིན། རི་བོ་ཆི་ལི་མཱ་ཀྲ་ལོ་ལ་རི་རྩེ་གཉིས་ཡོད་ཅིང་། གཅིག་གི་མིང་ལ་མཱ་ཝུན་ཅི་དང་། ཅིག་ཤོས་ལ་ཅུ་པོ་ཞེས་སུ་བརྗོད། ཅུ་པོ་ཡི་རྩེ་མོ་རུ་ཚངས་ཐིག་ལ་ཧ་ལམ་སྨིས་ཉིས་སྟོང་ཡོད་པའི་མེ་རི་གས་ཁ་ཞིག་ཡོད་པ་དང་། གས་ཁ་དེའི་ཟབ་ཚད་ལ་སྨིས200ཡོད། གས་ཁའི་ནང་རོལ་གྱི་ངོས་ཡོངས་སུ་དྲི་མས་མ་གོས་ཤིང་། འོད་ཀྲིག་ཀྲིག་བྱེད་པའི་འཁྱགས་རོམ་རྡོག་པོ་དང་། དེའི་ཞབས་སུ་རྣམ་པ་འདྲ་མིན་སྣ་ཚོགས་ཀྱི་འཁྱགས་པའི་ཀ་བ་མང་བོ་ཀྲོང་ངེར་ཡོད་ཅིང་། བར་སྣང་ནས་བལྟས་ན་ཧ་ཅང་ཆེ་བའི་གཡང་ཊིའི་གཞོང་བ་ཞིག་དང་ཀུན་ནས་མཚུངས་པས་ཤིན་ཏུ་བརྗིད་ཆགས་པ་ཞིག་ཡིན།
     རི་བོ་ཆི་ལི་མཱ་ཀྲ་ལོ་ནི་གངས་རི་ཞིག་ཡིན་ནའང་། དེ་ལ་ཚ་ཁུལ་དང་དྲོ་ཁུལ། གྲང་ཁུལ་གྱི་རྩི་ཤིང་སྐྱེ་བའི་གནམ་གཤིས་མི་འདྲ་བའི་ཆ་རྐྱེན་ཡོད་པ་དང་། རི་ངོས་སུ་རྩི་ཤིང་ཕུན་སུམ་ཚོགས་པས་རི་སྐྱེས་སྲོག་ཆགས་མང་བོ་དེ་རུ་འཚོ་སྡོད་བྱེད་བཞིན་མཆིས། གནས་དེ་རུ་སའི་གོ་ལའི་ས་བབ་འདྲ་མིན་སྣ་ཚོགས་འདུས་ཤིང་། རང་བྱུང་ཡུལ་ལྗོངས་མཛེས་ཤིང་ཡིད་དུ་འོང་བས།  ཐིག་དམར་སྟེང་གི་གངས་དཀར་སྲས་མོ་ཞེས་སུ་བསྔགས་སོ།།


འདི་རུ་དཔྱད་བརྗོད་འཇོག་པའམ་ཡང་ན་དཔྱད་བརྗོད་ལ་གཟིགས་ཆོག
དཔྱད་འཇོག་ཤོག་ངོས་ཕབ་བཞིན་པ།
正在加载评论列表...