སྡེབ་ངོས་རྩོམ་ཡིག་ཀློག་ཐབས།
དཀར་རིལ་མནན་ཏེ་རིགས་དབྱེ་ལ་ལྟ་བ།
འཛམ་གླིང་གི་གླིང་ཕྲན་ཆེས་ཆེ་ཤོས་ཏེ་ཀེ་རུན་ལན་གླིང་ཕྲན།
རྩོམ་པ་པོ། མི་གསལ། རྩོམ་སྒྲིག་པ། Lhamo དུས་ཚོད། 2016-2-6 9:21:00 རྩོམ་ཁུངས། མཚོ་སྔོན་པོ་དྲ་བ། ཀློག་གྲངས།

འཛམ་གླིང་གི་གླིང་ཕྲན་ཆེས་ཆེ་ཤོས་ཏེ་ཀེ་རུན་ལན་གླིང་ཕྲན།

གངས་འཁྱགས་ཀྱིས་གཡོགས་པའི་འཛམ་གླིང་གི་གླིང་ཕྲན་ཆེས་ཆེ་ཤོས།
ཀེ་རུན་ལན་གླིང་ཕྲན།

     སྐད་གྲགས་ཆེ་བའི་འགུལ་རིས་གློག་བརྙན《ལྷའི་དཔའ་རྒོད་སྐར་མ》ཞེས་པར་བལྟས་མྱོང་བའི་ཀློག་མཁན་ཆུང་ཆུང་ཚོས་ཤེས་གསལ་ལྟར།  ཉ་ཟུང་སྐར་ཚོམ་གྱི་གསེར་ལྷའི་དཔའ་རྒོད་ཨ་པུའུ་ལོ་ཏི་ཡི་ཕ་ཡུལ་ནི་རྒྱང་ཐག་རིང་བའི་ཀེ་རུན་ལན་གླིང་ཕྲན་ཡིན། དངོས་ཡོད་འཚོ་བའི་ཁྲོད་གངས་དང་འཁྱགས་པས་གཡོགས་པའི་འཛམ་གླིང་སྟེང་གི་གླིང་ཕྲན་ཆེས་ཆེ་ཤོས་ཀེ་རུན་ལན་གླིང་ཕྲན་གྱི་ཁྱད་མཚར་ཡུལ་ལྗོངས་ནི་སྐད་གྲགས་གླིང་ལ་ཁྱབ་ཡོད་པ་ཞིག་ཡིན།
     ཀེ་རུན་ལན་གླིང་ཕྲན་གྱི་རྒྱ་ཁྱོན་ལ་ཕལ་ཆེར་སྟོང་སྨིས་གྲུ་བཞི་མ་ཁྲི217ཡོད། བྱང་མཐའ་བྱང་སྣེའི་དཀྱིལ་ཐིག་དང་བར་ཐག་སྟོང་སྨིས800ལས་མེད་པ་དང་།  གླིང་ཕྲན་དེའི་རྒྱ་ཁྱོན་གྱི་སུམ་ཆའི་གཉིས་ནི་བྱང་སྣེའི་མུ་ཁྱུད་ཁྲོད་གནས་པས་གནས་དེ་རུ་འཚོ་སྡོད་བྱེད་པའི་སྡོད་དམངས་ཀྱིས་ལོ་རེར་ཧ་ལམ་ཉིན260རིང་ལ་མཚན་མོའི་འཚོ་བ་རོལ་བཞིན་ཡོད།
     ཏེན་མག་དང་དབྱིན་ཇིའི་སྐད་ལས་ཀེ་རུན་ལན་ཞེས་པ་ནི་ལྗང་མདོག་གི་ས་གཞི་ཞེས་པའི་དོན་ཡིན་མོད། འོན་ཏེ། གླིང་ཕྲན་སྟེང་དུ་ཁྱོད་ཀྱིས་ལྗང་མདོག་གི་རྩི་ཤིང་ཞིག་གི་ཤུལ་རྗེས་ཙམ་ཡང་རྙེད་པར་དཀའ། དོན་དངོས་སུ། ཀེ་རུན་ལན་གླིང་ཕྲན་ནི་རི་རྩེ་མཁའ་ལ་སྙེག་པའི་རི་རྒྱུད་དང་གཏོས་ཆེ་ཞིང་ཁ་དོག་སྔོན་པོར་སྣང་བའི་འཁྱགས་རི། བརྗིད་ཆགས་ཤིང་ཡིད་དབང་འཕྲོག་པའི་འགག་ཁུགས། ས་གཤིས་ཞན་ཅིང་ཕྱིར་མངོན་པའི་བྲག་རྡོ་སོགས་ཀྱིས་གྲུབ་པའི་གླིང་ཕྲན་ཞིག་ཡིན། གླིང་ཕྲན་དེའི་ས་ངོས་ཆགས་ཚུལ་ལ་ཁྱད་ཆོས་ཤིག་ཡོད་པ་ནི་རྒྱ་ཆེ་ཞིང་རྔམ་མཐུག་པའི་འཁྱགས་ཀློང་ཁོ་ན་ཡིན་པས། ཧ་ལམ་གླིང་ཕྲན་ཧྲིལ་བོའི་རྒྱ་ཁྱོན་གྱི85%ཟིན་ཞིང་། གཞི་ཁྱོན་ཤིན་ཏུ་ཆེ་བས་ལྷོ་སྣེ་གླིང་གཉིས་པ་ལྟ་བུར་གྱུར།
     ཀེ་རུན་ལན་གླིང་ཕྲན་གྱི་ལོ་རེའི་ཆ་སྙོམས་དྲོད་ཚད་རྒྱུན་དུ0℃མན་ཡིན་ཞིང་། གླིང་ཕྲན་སྟེང་དུ་མི་ལ་སྤྲོ་བ་སྟེར་བ་ཉག་ཅིག་ཡོད་པ་ནི་གྲང་ངར་འགོག་བྱེད་ཀྱི་མཚོ་གཟིག་གི་པགས་པའི་ལྭ་བ་ཡིན། ཉེ་བའི་ལོ་འགའི་རིང་ལ་དེང་རབས་ཅན་གྱི་རླབས་རྒྱུན་དྲག་པོ་ཀེ་རུན་ལན་གླིང་ཕྲན་ལ་ཁྱབ་པ་དང་། ཉིའུ་ཐེ་པ་ཡང་འཁྱགས་པའི་བང་རིམ་ལས་གནས་སྤོར་ནས་དེང་རབས་ཅན་གྱི་བཟོ་སྐྲུན་ཏེ། དུས་རབས་ཀྱི་བསྟི་གནས་སུ་གཞི་སྡོད་བྱས་ཡོད། དེ་དང་ཆབས་ཅིག་མིང་ལ་འཁྱགས་པའི་སྟེང་གི་གློག་འཁོར་ཞེས་ལྕགས་ལམ་ཡོད་པའི་འཁོར་ཆུང་ཞིག་འཁྱགས་པའི་བང་རིམ་གྱི་ཕུག་ལམ་ལས་ཕར་འགྲོ་ཚུར་འོང་བྱེད་བཞིན་མཆིས།
     མིག་སྔར། གོ་ལ་ཧྲིལ་བོའི་གནམ་གཤིས་ཇེ་དྲོ་རུ་འགྱུར་བཞིན་ཡོད་པས། གངས་དང་འཁྱགས་པས་བཀླུབས་པའི་མཛེས་སྡུག་ཡིད་འོང་གི་གླིང་ཕྲན་དེ་ཡང་འཇིག་ཉེན་ཆེ་ཞིང་། ཡོ་གླིང་གི་ཚན་རིག་པས་མ་འོངས་པའི་ལོ1000གི་རྗེས་སུ་ཀེ་རུན་ལན་གླིང་ཕྲན་སྟེང་གི་འཁྱགས་རི་སྟོང་བར་འགྱུར་ངེས་ཞེས་ཐ་ཚིག་བསྒྲགས་སོ།།


འདི་རུ་དཔྱད་བརྗོད་འཇོག་པའམ་ཡང་ན་དཔྱད་བརྗོད་ལ་གཟིགས་ཆོག
དཔྱད་འཇོག་ཤོག་ངོས་ཕབ་བཞིན་པ།
正在加载评论列表...