སྡེབ་ངོས་རྩོམ་ཡིག་ཀློག་ཐབས།
དཀར་རིལ་མནན་ཏེ་རིགས་དབྱེ་ལ་ལྟ་བ།
མཛོད་དགེའི་མཐོ་སྒང་བརླན་སའི་རྒྱལ་སྤྱིའི་བྱ་རིགས་ལྟ་སྐོར་དུས་ཆེན།
རྩོམ་པ་པོ། མི་གསལ། རྩོམ་སྒྲིག་པ། Lhamo དུས་ཚོད། 2018-5-21 9:46:00 རྩོམ་ཁུངས། གངས་ལྗོངས་ཉི་གཞོན་དྲ་བ། ཀློག་གྲངས།

     མཛོད་དགེའི་སྐྱེ་ཁམས་ཡུལ་སྐོར་རིག་གནས་འཆམ་མཐུན་ངང་འཕེལ་རྒྱས་སུ་འགྲོ་བ་དང་། རྫ་ཆུ་དྭངས་མོ་གསེར་ལས་ལྷག་ཅིང་གཡུ་མདོག་རི་བོ་དངུལ་ལས་འགོང་བའི་རྒྱུན་མཐུད་འཕེལ་རྒྱས་ཀྱི་ལྟ་བ་སེམས་སུ་བརྟན་པོར་བཟུང་ནས། མཐོང་ལམ་གསར་བ་སྤྱད་དེ་ཆེས་མཛེས་པའི་སི་ཁྲོན་གྱི་རང་བྱུང་གི་མཛེས་པ་མཐོང་རྒྱུ། གསར་གཏོད་ཀྱི་ལྟ་བ་ཁྱེར་ཏེ་ཁྲུང་ཁྲུང་གར་གྱིས་རྩེན་པའི་མཐོ་སྒང་གི་སྐྱེ་ཁམས་ཀྱི་མཛེས་པ་སྲུང་སྐྱོང་བྱ་རྒྱུ་བཅས་ལ་སྐུལ་མ་བྱེད་ཆེད། ཉེ་སྔོན། 2018ལོའི་མཛོད་དགེའི་མཐོ་སྒང་གི་བརླན་སའི་རྒྱལ་སྤྱིའི་བྱ་རིགས་ལྟ་སྐོར་དུས་ཆེན་དེ་མཛོད་དགེ་རྫོང་ནས་དངོས་སུ་འགོ་ཚུགས།
     དབྱིན་ཇིའི་སྐད་གྲགས་ཆོད་པའི་བྱ་རིགས་ཀྱི་ཆེད་མཁས་པ། ཀྲུང་གོའི་རྒྱལ་ཁབ་ཀྱི་ཕྱི་རྒྱལ་ཆེད་མཁས་ལས་ཁུངས་ཀྱི་ཆེད་མཁས་པ་ཡོ་ཧན་མཱ་ཅན་ནིང་དང་། སི་ཁྲོན་དཔེ་སྐྲུན་ཚོགས་པའི་ཏང་ཨུའི་ཧྲུའུ་ཅི་ལོ་ཡོང་། རྔ་བ་ཁུལ་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་སྟག་ཚ་སྐལ་བཟང་ཐུབ་བསྟན་ལེགས་བཤད་རྒྱ་མཚོ། ཐེངས་འདིའི་བྱེད་སྒོའི་དཔྱད་འདེམས་པ་གཙོ་བོ། ཁྲེང་ཏུའུ་བྱ་གཟིགས་ཚོགས་པའི་ཚོགས་གཙོ་ཧྲིན་ཡུས་དང་མཛོད་དགེ་རྫོང་ཨུའི་ཧྲུའུ་ཅི་ཚེ་བརྟན་སོགས་ཐེངས་འདིའི་འགོ་ཚུགས་མཛད་སྒོར་ཞུགས།

     འགོ་ཚུགས་མཛད་སྒོ་རུ། རྒྱལ་ཕྱི་ནང་གཉིས་ནས་ཡོང་བའི་འགྲན་ཞུགས་ཚོགས་པ21དེ་ཡང་བསྐྱར་མཛོད་དགེ་རུ་འཛོམས་བྱུང་། སྐབས་དང་པོའི་བྱ་རིགས་ལྟ་སྐོར་དུས་ཆེན་ཚོགས་པ་ནས་བཟུང་། མཛོད་དགེའི་བརླན་ས་དང་། རྩ་ཆེ་ལ་སྲུང་སྐྱོབ་བྱ་འོས་པའི་སྲོག་ཆགས་ཀྱི་རིགས་མང་པོ་དང་། ཡུལ་འདིའི་ཡུལ་ཆོས་དང་མཛེས་ལྗོངས་ཀུན་ལ་རྒྱལ་ཕྱི་ནང་གི་སྤྱི་ཚོགས་ཀྱི་ལས་རིགས་སོ་སོའི་དོ་ཁུར་ཆེན་མོ་ཐོབ། ད་ལོ་ལྷག་པར་ཀྲི་ལི་རྒྱལ་ཁབ་དང་། ཝུ་ལ་ཀེ་དང་མོ་ཤིས་ཀི ཁུ་ལོམ་པི་ཡ་བཅས་རྒྱལ་ཁབ་ལྔ་ཡིས་གྲུབ་པའི་རྒྱལ་སྤྱིའི་བྱ་རིགས་ལྟ་སྐོར་ཚོགས་པ་གཉིས་འགྲན་བསྡུར་ལ་ཞུགས་པ་མ་ཟད། ད་དུང་ཀྲུང་གོའི་རྒྱལ་ཁབ་ཀྱི་ཕྱི་རྒྱལ་ཆེད་མཁས་ལས་ཁུངས་ཀྱི་ཆེད་མཁས་པ། རྒྱལ་སྤྱིའི་མིང་དུ་གྲགས་པའི་སྐྱེ་དངོས་དངོས་མང་རང་བཞིན་གྱི་སྲུང་སྐྱོབ་ཆེད་མཁས་པ། དབྱིན་ཇིའི་སྐད་གྲགས་ཆོད་པའི་བྱ་རིགས་སྨྲ་བ་ཡོ་ཧན་མཱ་ཅན་ནིང་ཐེངས་འདིའི་འགྲན་བསྡུར་གྱི་རྒྱལ་སྤྱིའི་དཔྱད་འདེམས་པ་རུ་བསྐོས་ཏེ། འགྲན་བསྡུར་དེ་རྒྱལ་སྤྱིའི་རང་བཞིན་གྱི་བྱ་གཟིགས་འགྲན་བསྡུར་ཞིག་ཏུ་བསྒྱུར་བར་བརྩོན་བཞིན་འདུག
     རྒྱུས་ལོན་པ་ལྟར་ན། མཛོད་དགེའི་མངའ་ཁོངས་ན་བྱ་རིགས356ལྷག་ཡོད་ཅིང་། དེའི་ནང་དུ་རིགས26ནི་རང་རྒྱལ་ཁོ་ནར་ཡོད་པའི་བྱ་རིགས་ཡིན། མཛོད་དགེ་ནི་རྒྱལ་ཁབ་ཕྱི་ནང་གི་སྐད་གྲགས་ཆོད་པའི་བྱ་གཟིགས་ཀྱི་དམིགས་འབེན་ས་ཆ་ཞིག་ཡིན་ལ། ཆེད་མཁས་པས་སི་ཁྲོན་གྱི་བྱ་གཟིགས་གནས་མཆོག་བཅུ་ཡི་དང་པོར་བསྒྲེང་ཡོད་ཅིང་། ཀྲུང་གོའི་ཁྲུང་ཁྲུང་སྐེ་ནག་གི་ཕ་ཡུལ་ཞེས་པའི་མཚན་སྙན་ཡང་ཡོད།
     ཐེངས་འདིའི་བྱེད་སྒོ་ལ་བརླན་ས་དང་ནགས་ཚལ་གཉིས་ཀྱི་འགྲན་བསྡུར་ལམ་ཐིག་བཀོད་སྒྲིག་བྱས་ཡོད། བརླན་ས་ནས་རྩྭ་ཐང་དང་། ནགས་ཚལ་ནས་གྲོག་རོང་དུ་བསྐྱོད་པ་དེས། མཛོད་དགེའི་སྐྱེ་དངོས་ཐོན་ཁུངས་ཀྱི་སྣ་མང་རང་བཞིན་དང་། བྱ་རིགས་ཐོན་ཁུངས་ཀྱི་ཕུན་ཚོགས་རང་བཞིན་མངོན་ཡོད་པ་མ་ཟད། མི་ཡུལ་གྱི་དག་ཞིང་མཛོད་དགེའི་སྐྱེ་ཁམས་ཡུལ་སྐོར་སྣང་བརྙན་གསོན་པོ་དེ་ཡང་ཀུན་གྱི་མིག་ལམ་དུ་བསྟར་ཡོད།
     རྒྱལ་ཁབ་ཕྱི་ནང་གི་འགྲན་ཞུགས་རུ་ཁག་21ཉིན་གཉིས་ཀྱི་བྱ་རིགས་ལྟ་སྐོར་འགྲན་བསྡུར་གྱི་རྩོད་ལན་འགྲན་བསྡུར་དང་པར་ལེན་འགྲན་བསྡུར་བརྒྱུད་དེ་པེ་ཅིན་སློབ་ཆེན་ནས་ཡོང་བའི་ན་གཞོན་འགྲན་ཞུགས་རུ་ཚོགས་པས་ཨང་དང་པོ་བླངས་ཤིང་ཁོང་ཚོས་བྱ་རིགས་117ལ་བལྟ་དཔྱད་བྱས་འདུག  ཧོ་ནན་རི་སྐྱེས་བྱ་རིགས་ཚོགས་པས་ཨང་གཉིས་པ་བླངས། ཁོང་ཚོས་བྱ་རིགས་105ལ་བལྟ་དཔྱད་བྱས་འདུག ཧྲང་ཧའེ་རི་སྐྱེས་བྱ་རིགས་ཚོགས་པས་ཨང་གསུམ་པ་བླངས། ཁོང་ཚོས་བྱ་རིགས་104ལ་བལྟ་དཔྱད་བྱས་འདུག
     ཐེངས་འདིའི་འགྲན་སྡུར་ལ་སྒྲིག་འཛུགས་ཨུ་ཡོན་ལྷན་ཁང་གིས་གཏན་ཁེལ་བྱས་པའི་བརླན་སའི་འགྲན་བསྡུར་གྱི་སྡེ་ཚན་དང་བྲག་བྱ་རྒོད་ཀྱི་ནགས་ཚལ་འགྲན་བསྡུར་གྱི་སྡེ་ཚན་ཏེ། སྡེ་ཚན་གཉིས་ཀའི་ཁྲོད་བསྡོམས་པས་བྱ་རིགས་211ཟིན་ཐོར་བཀོད་ཡོད་ཅིང་། མཛོད་དགེ་རྫོང་གི་བྱ་རིགས་ཟིན་ཐོ་རུ་རིགས23གསར་དུ་བསྣན་པས་མཛོད་དགེ་རྫོང་གི་བྱ་རིགས་ན་ནིང་གི་རིགས་356ནས་ད་ལོའི379རུ་འཕར་བ་མ་ཟད། མཛོད་དགེ་རྫོང་དུ་ཐོག་མར་བྱ་ཤོ་ཨོ་ཡོད་པ་ཟིན་ཐོ་རུ་བཀོད།

     བྱ་རིགས་ལྟ་སྐོར་གྱི་བྱེད་སྒོས་མི་རྣམས་རང་བྱུང་ཁམས་དང་ཉེ་བར་བཅར་ཏེ་ལུས་སེམས་ལྷོད་བག་ལ་ཕན་ཐོགས་པ་མ་ཟད། སྤྱི་ཚོགས་ཡོངས་ཀྱིས་བྱ་རིགས་ལ་སྲུང་སྐྱོབ་དང་ཁོར་ཡུག་སྲུང་སྐྱོབ་བྱེད་པའི་རང་རྟོགས་ཀྱི་སེམས་ཤུགས་ཇེ་མཐོ་རུ་གཏོང་བ་ལ་ཡང་ཕན། གཞན་བྱ་རིགས་ལྟ་སྐོར་ཟིན་ཐོ་ཡིས་འདབ་ཆགས་རིག་པའི་རྨང་གཞིའི་ཞིབ་འཇུག་ལ་དགོས་ངེས་ཀྱི་གཞི་གྲངས་འཚོལ་བསྡུ་བྱེད་པ་དང་རི་སྐྱེས་བྱ་རིགས་རིག་པའི་ཞིབ་འཇུག་ལ་གཞི་གྲངས་ཀྱི་མཛོད་ཧ་ཅང་ཆེན་པོ་ཞིག་མཁོ་འདོན་བྱས་ཏེ་ཚན་རིག་པའི་ལམ་སྣེ་འཁྲིད་མཁན་གྱི་ནུས་པ་ཡང་ཐོན་སྲིད།
     སྤྱི་ཟླ5པའི་ཚེས་14ཉིན་གྱི་སྔ་དྲོར། 2018ལོའི་མཛོད་དགེའི་མཐོ་སྒང་གི་བརླན་སའི་རྒྱལ་སྤྱིའི་བྱ་རིགས་ལྟ་སྐོར་དུས་ཆེན་དེ་མཛོད་དགེ་རྫོང་གི་མགྲོན་ཁང་ཆེན་མོ། ནུབ་རྒྱུད་འབྲོག་ར་རུ་བདེ་ལེགས་ངང་ཡོངས་སུ་མཇུག་རྫོགས་སོ།།


འདི་རུ་དཔྱད་བརྗོད་འཇོག་པའམ་ཡང་ན་དཔྱད་བརྗོད་ལ་གཟིགས་ཆོག
དཔྱད་འཇོག་ཤོག་ངོས་ཕབ་བཞིན་པ།
正在加载评论列表...