སྡེབ་ངོས་རྩོམ་ཡིག་ཀློག་ཐབས།
དཀར་རིལ་མནན་ཏེ་རིགས་དབྱེ་ལ་ལྟ་བ།
རང་བྱུང་བྲག་སྒོ་སྟེ་བྲག་སྒོ་རྒྱལ་ཁབ་སྤྱི་གླིང་།
རྩོམ་པ་པོ། མི་གསལ། རྩོམ་སྒྲིག་པ། Lhamo དུས་ཚོད། 2018-6-19 9:58:00 རྩོམ་ཁུངས། མཚོ་སྔོན་པོ་དྲ་བ། ཀློག་གྲངས།

     ལོ་ངོ་དུང་ཕྱུར་ལྷག་ལ་རང་བྱུང་ཁམས་ཆེན་པོའི་རྨད་བྱུང་ལག་རྩལ་གྱིས་ཨ་མེ་རི་ཁའི་ཡིའུ་ཐཱ་ཀྲོའུ་ཡི་ཤར་ཕྱོགས་སུ་གསར་འབྱེད་བྱས་ནས་ངོ་མཚར་བའི་རང་བྱུང་གི་བྲག་སྒོ་སྟོང་ཕྲག་ལྷག་བསྐྲུན། དུས་ད་ལྟར། དེ་གར་བྲག་སྒོ་རྒྱལ་ཁབ་སྤྱི་གླིང་ཞིག་ཆགས་ཡོད།
     འཛམ་གླིང་གི་ཆེས་ཆེ་བའི་རང་བྱུང་བྲག་སྒོ་མང་བོ་གཅིག་འདུས་སུ་ཡོད་པའི་གྲས་ཀྱི་བྲག་སྒོ་རྒྱལ་ཁབ་སྤྱི་གླིང་ལས། དཀར་ཆག་ཏུ་བཀོད་པའི་བྲག་སྒོ་གཅིག་པུ་ཡང2000བརྒལ་འདུག  དེ་དག་གི་ཁྲོད་དུ་ཆེས་ཆུང་བའི་བྲག་སྒོ་ནི་ཞེང་ཚད་ལ་སྨིས1ཙམ་དང་། ཆེས་ཆེ་བའི་སྒོ་ཐོད་ཀྱི་རིང་ཚད་ཕལ་ཆེར་སྨིས100ཡོད། བྲག་སྒོའི་རྣམ་པའང་སྣ་ཚོགས་སུ་ཡོད་དེ། ལ་ལ་གཞུ་མོ་དང་མཚུངས་ཤིང་། ཁ་ཤས་དྲང་ཐད་དུ་ཡོད་པའི་ཟམ་པ་ཞིག་དང་ཡང་འདྲ། འགའ་ཞིག་ལ་གས་སྲུབས་བྱུང་ཞིང་། ཁ་ཅིག་ལ་གས་ཆག་འབྱུང་བཞིན་མཆིས། སྤྱི་གླིང་དུ་ཆེས་མིང་གྲགས་ལྡན་པ་ནི་དབེན་ཞིང་ཉམས་དགའ་བའི་བྲག་སྒོ་ཟེར་བ་དེ་ཡིན། དེའི་ཐུན་མོང་མ་ཡིན་པའི་རྣམ་པ་བྲག་སྒོ་རྒྱལ་ཁབ་སྤྱི་གླིང་གི་མཚོན་རྟགས་སུ་གྱུར་པ་མ་ཟད། ཡིའུ་ཐཱ་ཀྲོའུ་ཡི་མཚོན་རྟགས་སུ་ཡང་བཞག་ཡོད། ཉིན་རྒྱུན་གྱི་ཉི་ཤར་དང་ཉི་ནུབ་ཀྱི་དུས་ནི་སྤྱི་གླིང་ཆེས་མཛེས་ཤིང་ཡིད་དུ་འོང་བ་དང་། མིག་འཕྲུལ་བར་བྱེད་པའི་དུས་ཡིན། ཡུན་ཐུང་གི་དུས་ཚོད་སྐར་མ་ཉི་ཤུའམ་སུམ་ཅུའི་ནང་། སྒོའི་དབྱིབས་སུ་སྣང་བའི་བྲག་རྡོའི་ཁ་དོག་དམར་བོ་ནས་རྒྱ་སེ་དང་། དེ་ནས་གསེར་མདོག་ཏུ་འགྱུར་བས། ལྟ་བས་ཆོག་མི་ཤེས་པ་ཞིག་རེད།

     དེ་ལྟ་བུ་ངོ་མཚར་བའི་བྲག་སྒོ་དག་ནི་ཇི་ལྟར་གྲུབ་པ་ཡིན་ཞེ་ན། རྡོ་ཐལ་བྲག་ཆུ་ཡིས་ལས་སླ་བའི་སྒོ་ནས་ཟད་དུ་འཇུག་ཐུབ་པས། བཞུར་ཆུས་ཡུན་རིང་དུ་བཤལ་བས་འོག་གི་རྡོ་ཐལ་ལས་གྲུབ་པའི་བྲག་རྡོ་ཟད་ནས་ཁུང་བུ་མང་བོ་ངང་གིས་གྲུབ་ཅིང་། སྟེང་གི་རྡེའུ་ཟེགས་ལས་གྲུབ་པའི་བྲག་རྡོ་ལུས་ནས་ཁུང་བུ་དག་རིམ་གྱིས་ཆེ་རུ་བསྐྱེད་ཁར། བརྗིད་ཆགས་ཤིང་འགྲན་ཟླ་བྲལ་བའི་རང་བྱུང་བྲག་སྒོ་དེ་གྲུབ་པ་ཡིན་ནོ།།


འདི་རུ་དཔྱད་བརྗོད་འཇོག་པའམ་ཡང་ན་དཔྱད་བརྗོད་ལ་གཟིགས་ཆོག
དཔྱད་འཇོག་ཤོག་ངོས་ཕབ་བཞིན་པ།
正在加载评论列表...