སྡེབ་ངོས་རྩོམ་ཡིག་ཀློག་ཐབས།
དཀར་རིལ་མནན་ཏེ་རིགས་དབྱེ་ལ་ལྟ་བ།
ཨ་ཀེན་ཐིན་གྱི་འཁྱགས་ཀླུང་གི་རྒྱལ་ཁབ་སྤྱི་གླིང་།
རྩོམ་པ་པོ། མི་གསལ། རྩོམ་སྒྲིག་པ། Lhamo དུས་ཚོད། 2018-7-12 9:18:00 རྩོམ་ཁུངས། མཚོ་སྔོན་པོ་དྲ་བ། ཀློག་གྲངས།


གཅིག་མདངས་གཅིག་འཕྲོ་བྱེད་པའི་གངས་རི་དང་མཚེའུ།
ཨ་ཀེན་ཐིན་གྱི་འཁྱགས་ཀླུང་གི་རྒྱལ་ཁབ་སྤྱི་གླིང་།

     རྒྱང་ཐག་རིང་བའི་ཨ་ཀེན་ཐིན་གྱི་ལྷོ་ཕྱོགས་སུ་མིང་གྲགས་ཆེ་བའི་ཨ་ཀེན་ཐིན་གྱི་འཁྱགས་ཀླུང་གི་རྒྱལ་ཁབ་སྤྱི་གླིང་མཆིས་ཤིང་། དེ་མེ་གླིང་ལྷོ་མའི་ཆེས་ལྷོ་སྣེ་ཡི་ཧོའུ་ཏེ་གླིང་ཕྲན་དང་ཐག་མི་རིང་བ་དང་། གནམ་གྲུར་བསྡད་ནས་རྒྱལ་ས་པུའུ་དབྱི་ནོའུ་སི་ཨའེ་ལི་སི་ལ་དུས་ཚོད་གསུམ་གྱིས་བསླེབས་ཐུབ།
     སྤྱི་གླིང་དེའི་འཁྱགས་ཀླུང་མང་ཤོས་ཀྱི་འབྱུང་ཡུལ་ནི་པཱ་ཐ་ཀོ་ཉི་ཡ་གངས་ཐང་ཡིན་ལ། གངས་ཐང་དེ་ནི་སའི་གོ་ལའི་སྟེང་གི་ལོ་འཁོར་མོར་ཁ་བ་མི་ཞུ་བའི་གནས་ཆེན་ཨང་གསུམ་པ་སྟེ། ལྷོ་སྣེ་སྐམ་ས་དང་པོ་དང་། ཀེ་རུན་ལན་གླིང་ཕྲན་གཉིས་པ་ལྟ་བུ་ཡིན། སྤྱི་གླིང་དུ་མཐོ་དམའ་མི་སྙོམས་ཤིང་རི་རྩེ་མཁའ་ལ་སྙེག་པའི་རི་རྒྱུད་དང་འཁྱགས་རོམ་གྱི་མཚེའུ་ཡང་མང་པོ་ཡོད་པ་དང་། དེའི་ཁྲོད་དུ་ཨ་ཀེན་ཐིན་མཚེའུ་ཡང་ཡོད། མཚེའུ་ཡི་འགྲམ་ངོགས་བརྒྱུད་ནས་སོང་ན་ཕྱོགས་བཞི་ནི་རབ་དཀར་ཁ་བས་གཡོགས་པའི་གངས་རི་ཡིན། དུང་མདོག་གི་གངས་རི་དང་གཡུ་མདོག་གི་མཚེའུ་ཡིས་གཅིག་མདངས་གཅིག་ལ་འཕྲོ་བར་བྱེད་པས་མིའི་ཡིད་སེམས་འགུགས་ཅིང་། མཚེའུ་ལ་གཟིགས་ཤིང་འཁྱགས་རི་ལ་ལྟ་ཆོག་པ་དེ་ཨ་ཀེན་ཐིན་མཚེའུ་མཚེའུ་གཞན་དང་མི་འདྲ་བའི་ཁྱད་པར་ཡིན། ཉེ་འཁོར་གྱི་འཁྱགས་ཀླུང་གི་འཁྱགས་ཆུ་དང་འཁྱགས་སྣེ་བཅུ་ཕྲག་ཁ་ཤས་མཚེའུ་དེ་རུ་བཞུར་ཅིང་ཟུག་ཡོད་པ་དང་། དེ་དག་ལས་མིང་གྲགས་ཆེ་བ་ནི་མོ་ལེ་ནུའོ་འཁྱགས་ཀླུང་ཡིན།

     ཧ་ཅང་ཆེ་བའི་མོ་ལེ་ནུའོ་འཁྱགས་ཀླུང་ནི་རི་ཆེན་པོ་གཉིས་ཀྱི་དཀྱིལ་དབུས་སུ་ཕྱིར་ཐོན་ཞིང་། ཨ་ཀེན་ཐིན་མཚེའུ་ཡིས་དུམ་བུ་གཉིས་སུ་བཀར་ནས་ཡོད་པས་ཡུལ་ལྗོངས་ཤིན་ཏུ་མཛེས་ཤིང་བརྗིད་ཆགས་པ་ཞིག་ཡིན། འཛམ་གླིང་སྟེང་གི་འཁྱགས་ཀླུང་ཕལ་ཆེ་ཤོས་རང་གནས་སུ་འཕེལ་མེད་བརྟན་འཇགས་ཀྱི་རྣམ་པར་གནས་ནའང་། ལྟོས་བཅས་ཀྱིས་བརྗོད་ན། ལོ་ན་གཞོན་པའི་མོ་ལེ་ནུའོ་འཁྱགས་ཀླུང་ད་དུང་ཆེ་རུ་བསྐྱེད་པའི་དུས་ཡིན་པས། སྙན་གྲགས་གླིང་ལ་ཁྱབ་པའི་རྩ་བ་ཡང་དེ་ལ་ཐུག  གནས་དེ་རུ་ངོ་མཚར་བའི་འཁྱགས་རི་ཉིལ་ཚུལ་མཐོང་ཐུབ་པར་མ་ཟད། བོངས་ཆེ་བའི་འཁྱགས་རྡོག་མཚེའུ་རུ་ལྷུང་བའི་ཅལ་སྒྲ་ཡང་ཐོས་ཐུབ། དེ་དག་འཛམ་གླིང་གི་གནས་གཞན་དུ་མཐོང་སླ་བ་མ་ཡིན་ནོ།།


འདི་རུ་དཔྱད་བརྗོད་འཇོག་པའམ་ཡང་ན་དཔྱད་བརྗོད་ལ་གཟིགས་ཆོག
དཔྱད་འཇོག་ཤོག་ངོས་ཕབ་བཞིན་པ།
正在加载评论列表...