སྡེབ་ངོས་རྩོམ་ཡིག་ཀློག་ཐབས།
དཀར་རིལ་མནན་ཏེ་རིགས་དབྱེ་ལ་ལྟ་བ།
དུས་བཅད་ལྟར་འཕྱུར་བའི་ཆུ་མིག་སྟེ་ཆུ་མིག་དྲང་གཞག
རྩོམ་པ་པོ། མི་གསལ། རྩོམ་སྒྲིག་པ། Lhamo དུས་ཚོད། 2018-7-18 11:38:00 རྩོམ་ཁུངས། མཚོ་སྔོན་པོ་དྲ་བ། ཀློག་གྲངས།
     འཛམ་གླིང་སྟེང་དུ་ཤིན་ཏུ་དཀོན་ཞིང་ཁྱད་མཚར་བའི་ཆུ་མིག་ཧ་ཅང་མང་ལ། དེ་དག་ལ་རང་ཉིད་ཀྱི་ཐུན་མོང་མ་ཡིན་པའི་ཁྱད་ཆོས་དང་། དཔོག་དཀའ་བའི་གསང་བ་རེ་ཡོད་དེ། ཨ་མེ་རི་ཁའི་ཧོང་ཧྲི་སྤྱི་གླིང་གི་ཆུ་མིག་དྲང་གཞག་ནི་ངེས་པར་དུ་ཤེས་དགོས་པ་ཞིག་ཡིན། ཆུ་མིག་དེར་དུས་ཚོད་ཀྱི་འདུ་ཤེས་ཡོད་པས་ཉིན་རྒྱུན་དུས་བཅད་ལྟར་ཆུ་འཕྱུར་ཞིང་། འཕྱུར་ཐེངས་རེར་དུས་ཡུན་སྐར་མ་བཅུ་ལྷག་ཡིན། ཧ་ཅང་ཆེ་བའི་ཆུའི་ཟེགས་མ་དྲང་ཐད་དུ་མཁའ་རུ་འཕྱུར་དུས་ཚ་བའི་རླངས་པ་འཐིབས་ཤིང་། ཆུ་ཚན་གྱི་ཟེགས་མ་ཕྱོགས་བཞིར་འཐོར་བས་མི་ལ་ཧ་ལས་སུ་འཇུག
     ཆུ་མིག་དྲང་གཞག་དེ་ཅིའི་ཕྱིར་དུས་བཅད་ལྟར་འཕྱུར་བ་ཡིན་ཞེ་ན། ཆུ་མིག་འོག་ཏུ་མེ་རི་གསོན་པོ་ཞིག་གཡོ་འགུལ་བྱེད་བཞིན་ཡོད་པས། ཆུ་མིག་ས་འོག་ཏུ་བཞུར་དུས་མེ་རི་ཡི་དྲོད་ཁུངས་དང་འཕྲད་རྐྱེན། ཆུ་མིག་ཁོལ་ནས་རླངས་པར་བསྒྱུར་ཀྱང་། བཞུར་ལམ་ཤིན་ཏུ་དོག་པས་རླངས་པ་ཕྱིར་འདོན་ཐབས་མེད་པ་དང་། དུས་ཡུན་ངེས་ཅན་ཞིག་འགོར་ཙ་ན། རླངས་པའི་དྲོད་ཚད་ཆེ་རུ་གྱུར་པས། ད་གཟོད་ཆུ་ཚན་གྱི་ཟེགས་མ་དྲང་ཐད་དུ་མཁའ་རུ་འཕྱུར་བ་རེད། དེས་གྱེན་འཕྱུར་ཆུ་མིག་གྲུབ་ཅིང་། ཚན་རིག་པ་རྣམས་ཀྱིས་དུས་བཅད་རང་བཞིན་ལྟར་གྱེན་དུ་འཕྱུར་བའི་ཆུ་ཚན་ལ་དུས་འཁོར་རང་བཞིན་གྱི་ཆུ་ཚན་ཞེས་སུ་བརྗོད།
     ཡུལ་ཁམས་གཞན་ན་མེད་ཅིང་སའི་འོག་རིམ་དུ་མེ་རི་ཡོད་པའི་ས་འོག་ཚ་ནུས་ཀྱི་མཛེས་ལྗོངས་དེ་ཨ་མེ་རི་ཁའི་ཧོང་ཧྲི་སྤྱི་གླིང་གི་ཁྱད་ཆོས་གཙོ་བོར་གྱུར། ཧོང་ཧྲི་སྤྱི་གླིང་དུ་བགྲང་གིས་མི་ལང་བའི་ཆུ་ཚན་ཡོད་པ་ལས། གཞན་མཐོང་དཀོན་པའི་དོམ་སྐྱ་དང་། སྤྱང་ཀི འབྲོང་། ཤྭ་བ་རྔ་རིང་སོགས་རི་སྐྱེས་སྲོག་ཆགས་དང་། གྲོག་རོང་དང་རྦབ་ཆུ། གྱེན་འཕྱུར་ཆུ་མིག་སོགས་མཛེས་སྡུག་ཡིད་དུ་འོང་བའི་ཡུལ་ལྗོངས་ཀྱིས་ལྟད་མོ་བའི་ཡིད་དབང་རབ་ཏུ་ཕྲོགས།

འདི་རུ་དཔྱད་བརྗོད་འཇོག་པའམ་ཡང་ན་དཔྱད་བརྗོད་ལ་གཟིགས་ཆོག
དཔྱད་འཇོག་ཤོག་ངོས་ཕབ་བཞིན་པ།
正在加载评论列表...