སྡེབ་ངོས་རྩོམ་ཡིག་ཀློག་ཐབས།
དཀར་རིལ་མནན་ཏེ་རིགས་དབྱེ་ལ་ལྟ་བ།
སྐྱེ་ཁམས་ཀྱི་ལྷ་ཡུལ་ཏེ་སེ་ཧྲེར་གླིང་ཚོམ།
རྩོམ་པ་པོ། མི་གསལ། རྩོམ་སྒྲིག་པ། Lhamo དུས་ཚོད། 2018-8-8 9:40:00 རྩོམ་ཁུངས། མཚོ་སྔོན་པོ་དྲ་བ། ཀློག་གྲངས།

     ཧིན་རྡུ་རྒྱ་མཚོའི་ནུབ་ལྷོའི་ཕྱོགས་སུ། གླིང་ཕྲན་ཆུང་ཆུང115ཡིས་གྲུབ་པའི་མཛེས་ཤིང་ཡིད་དུ་འོང་བའི་གླིང་ཚོམ་གྱི་རྒྱལ་ཁབ་ཅིག་ཡོད་པ་དང་། དེ་ཡི་མིང་ལ་སེ་ཧྲེར་གླིང་ཚོམ་ཞེས་འབོད། གནས་དེ་རུ་ཆེས་བཟང་ཞིང་བཀོལ་དུ་རུང་བའི་རྒྱ་མཚོའི་གྲམ་ཐང་དང་། འོད་མདངས་རབ་རུ་འཕྲོ་བའི་ཉི་འོད། སྔོ་ཞིང་དྭངས་པའི་མཚོ་ཆུ་སོགས་ཡོད་པ་མ་ཟད། ད་དུང་གཞི་ཁྱོན་ཆེ་བའི་རང་བྱུང་གི་རྩི་ཤིང་གླིང་ཞིག་སྟེ། གླིང་དེར་སྐྱེས་ཡོད་པའི་རྩི་ཤིང་གི་རིགས500ལྷག་ཡོད་པ་ལས་རིགས80ནི་སའི་གོ་ལའི་སྟེང་གནས་དེར་མ་གཏོགས་གཞན་དུ་མེད་པ་ཡིན། གནས་དེར་གླིང་ཕྲན་མང་ལ། གླིང་ཕྲན་རེ་རེ་ལ་རང་ཉིད་ཀྱི་ཁྱད་ཆོས་རེ་ཡོད་དེ། ཨཱ་ཨེར་ཏ་པུའུ་ལ་གླིང་ཕྲན་སྟེང་དུ་རུས་སྦལ་ཆིག་ཁྲི་ལྷག་གནས་པ་དང་། ཧྥུ་ལེ་ཅ་ཐེ་གླིང་ཕྲན་ནི་འབུ་དང་སྦྲང་མའི་འཇིག་རྟེན་ཡིན། ཁུང་སེན་གླིང་ཕྲན་ནི་འདབ་ཆགས་ཀྱི་ལྷ་ཡུལ་ཡིན་པས། དེར་མཆིས་སོ་ཅོག་གིས་སེ་ཧྲེར་དང་མར་ཏི་ཝེ། མོ་རི་ཐིའུ་སི་བཅས་རྒྱལ་ཁབ་གསུམ་ནི་ཧིན་རྡུ་རྒྱ་མཚོའི་སྟེང་གི་མུ་ཏིག་འོད་ཆེན་གསུམ་ཞེས་བསྔགས་བརྗོད་བྱེད།

     སེ་ཧྲེར་གླིང་ཕྲན་ལ་དགུན་དུས་མེད་པ་དང་། ལོ་ཧྲིལ་བོར་དུས་ཚིགས་ཚ་བའི་དུས་དང་བསིལ་བའི་དུས་གཉིས་ལས་མེད། སྐམ་ས་དང་རྒྱང་ཐག་རིང་བའི་རྐྱེན་གྱིས་གླིང་ཕྲན་སྟེང་གི་རྩི་ཤིང་ཡོངས་རྫོགས་ཀྱི་གཟུགས་བོངས་རབ་ཏུ་ཆེ་ཞིང་། དེ་དག་ལས་མི་ལ་ཧ་ལས་སུ་འཇུག་པ་ནི་སེ་ཧྲེར་གྱི་རྒྱལ་ནོར་དུ་བརྩི་བའི་རྒྱ་མཚོའི་བེ་ཏ་ཡིན། རྒྱ་མཚོའི་བེ་ཏའི་སྡོང་བོ་ནི་ཕོ་སྡོང་དང་མོ་སྡོང་གཉིས་གཤིབ་ནས་སྐྱེས་ཤིང་། སྡོང་རྩད་ཕན་ཚུན་འབྲེལ་ནས་ཡོད། གོ་ཐོས་སུ་གལ་ཏེ་སྡོང་བོ་གཅིག་བཅད་ན། ཅིག་ཤོས་ཀྱང་བརྩེ་བའི་དོན་དུ་རང་སྲོག་འདོར་བར་བྱེད་པས། བརྩེ་དུངས་དང་ལ་རྒྱ་ཟུང་ལྡན་གྱི་རྩི་ཤིང་ཞིག་ཡིན་ཞེས་བརྗོད་ཀྱང་ཆོག
     རྒྱ་མཚོའི་བེ་ཏའི་འབྲས་བུ་ནི་བེ་ཏ་ཕལ་བའི་འབྲས་བུ་ལས་ཧ་ཅང་ཆེ་ཞིང་། འབྲས་བུ་རེར་སྟོང་ཁེ་བཅུ་ལྷག་ཡོད་མོད། རྒྱ་མཚོའི་བེ་ཏ་སྐྱེ་འཕེལ་བྱུང་བ་དལ་ཞིང་ཤིན་ཏུ་དཀོན། དེར་བརྟེན་ས་གནས་སྲིད་གཞུང་གིས་ཀྱང་ཆོག་མཆན་མ་ཐོབ་པར་རྒྱལ་ཁབ་ཕྱི་ལ་ཁྱེར་མི་ཆོག་པ་གཏན་འཁེལ་བྱས་ཡོད།


འདི་རུ་དཔྱད་བརྗོད་འཇོག་པའམ་ཡང་ན་དཔྱད་བརྗོད་ལ་གཟིགས་ཆོག
དཔྱད་འཇོག་ཤོག་ངོས་ཕབ་བཞིན་པ།
正在加载评论列表...