སྡེབ་ངོས་རྩོམ་ཡིག་ཀློག་ཐབས།
དཀར་རིལ་མནན་ཏེ་རིགས་དབྱེ་ལ་ལྟ་བ།
འཁྱགས་གླིང་གི་ཡུལ་ལྗོངས་ངོ་མཚར་ཅན། སྨི་ཝ་ཏིང་མཚེའུ།
རྩོམ་པ་པོ། མི་གསལ། རྩོམ་སྒྲིག་པ། Lhamo དུས་ཚོད། 2018-9-30 11:28:00 རྩོམ་ཁུངས། མཚོ་སྔོན་པོ་དྲ་བ། ཀློག་གྲངས།

འཁྱགས་གླིང་གི་ཡུལ་ལྗོངས་ངོ་མཚར་ཅན།
སྨི་ཝ་ཏིང་མཚེའུ།
     ཡོ་རོབ་གླིང་བྱང་མའི་འཁྱགས་གླིང་གི་ཡུལ་ལྗོངས་ནི་མཛེས་ཤིང་ཡིད་དུ་འོང་བ་དང་། དེར་མིང་གྲགས་ཆེ་བའི་ཡུལ་སྐོར་སྤྲོ་གསེང་བྱེད་སའི་གནས་མཆོག་ཤིན་ཏུ་མང་། ཨའོ་ཏ་ཏ་ལུན་ཞུན་བྲག་རྒྱུད་ཀྱི་བྱང་ཕྱོགས་སུ་ཡོད་པའི་སྨི་ཝ་ཏིང་མཚེའུ་ནི་དེའི་ཁྲོད་ཀྱི་གཅིག་ཡིན། སྨི་ཝ་ཏིང་མཚེའུ་ནི་འཁྱགས་གླིང་གི་མཚེའུ་དག་ལས་ཨང་ལྔ་བ་ཡིན་ནའང་། དེ་གར་ལྡན་པའི་ཐུན་མོང་མ་ཡིན་པའི་མཛེས་ལྗོངས་ལ་མི་རྣམས་བློ་མོས་ཚིམ་ཞིང་དགའ་བ་འཕེལ།
     སྨི་ཝ་ཏིང་མཚེའུ་ལ་སྨི་མཚེའུ་ཞེས་ཀྱང་བརྗོད། མཚེའུ་ངོས་ཀྱི་རྒྱ་ཁྱོན་ལ་ཧ་ལམ་སྟོང་སྨིས་གྲུ་བཞི་མ37དང་། ཟབ་ཚད་ལ་སྨིས2.5ཡོད། གནས་སྐོར་བ་དག་གྲུ་ལ་བསྡད་དེ་མཚེའུ་ལ་ལྟ་སྐོར་བྱས་ཆོག་པ་མ་ཟད། ད་དུང་མཚེའུ་ཡི་འགྲམ་ངོགས་སུ་བསྡད་དེ་ཉ་བཟུང་ཡང་ཆོག ངོ་མཚར་ཞིང་གཟུགས་དབྱིབས་སྣ་ཚོགས་སུ་ཡོད་པའི་གླིང་ཕྲན་ཆུང་ཆུང་དག་ནི་མཚེའུ་རུ་བཀྲམ་སྟེ་ཡོད་པ་དང་། དེ་དག་གི་སྟེང་དུ་ཆུ་བྱ་སྣ་ཚོགས་ཀྱིས་ཚང་བཟོས་ཤིང་། རིགས་ཧ་ཅང་མང་ལ། གྲངས་ཀ་བགྲང་ལས་འདས། རི་བྱ་ངང་བ་གཅིག་པུ་ལའང་རིགས་བཅུ་ཕྲག་ལྷག་ཡོད་ཅིང་གྲངས་ཀ་ཕལ་ཆེར་ཁྲི10ལྷག་ཡོད།
     ཡུལ་ལྗོངས་མཛེས་པ་མ་ཟད་ཆ་ཚང་བའི་མེ་རིའི་ས་བབ་ཀྱི་ཡུལ་ལྗོངས་ཡང་སྨི་ཝ་ཏིང་མཚེའུ་ཡི་ཁྱད་ཆོས་གཙོ་བོ་ཞིག་སྟེ། ནུབ་ནས་ཤར་ཕྱོགས་སུ་སོང་ན། ཁྱོད་ཀྱིས་ག་དུས་ཡིན་ནའང་ཤིན་ཏུ་ཚ་བའི་འདམ་ཞོ་དང་། མཚམས་འཕྱུར་ཆུ་མིག ད་དུང་སྨི་མཚེའུ་འགྲམ་གྱི་འགྱིང་ངེར་གནས་པའི་སྙུང་དབྱིབས་ཀྱི་མེ་རི་གས་ཁ་སོགས་མཐོང་ཐུབ། དེའི་རྒྱུད་དུ་ཆེ་ཆུང་དང་གཟུགས་དབྱིབས་སྣ་ཚོགས་ཀྱི་ཞུན་བྲག་དག་ནི་མེ་རི་གས་ཁ་དེ་ལས་ཕྱིར་འཕྱུར་ནས་ཐོན་ཏེ་གྲུབ་པ་ཡིན།
     མུ་མཐུད་དུ་ཤར་ཕྱོགས་སུ་སོང་ན། རི་ལམ་གྱི་གཡོན་ཕྱོགས་སུ་ཁོད་ཡངས་པའི་བྲག་རྡོའི་སྲུབས་ཀ་ཞིག་ཡོད་པ་དང་། བྲག་རྡོའི་སྲུབས་ཀར་གཏད་ནས་སོང་ན། ཚོར་སྣང་ལ་བགྲོད་ལམ་ཧ་ཅང་གུ་དོག་པའམ་ནག་ཁུང་དུ་སྣང་ནའང་། ཅུང་ཙམ་སོང་ན་རྒྱ་ཆེ་ལ་དཀར་ཆ་དོད་པར་འགྱུར་ཞིང་། ཡངས་ཤིང་རྒྱ་ཆེ་བའི་མཚོ་ངོས་ཤིག་གློ་བུར་དུ་ཁྱོད་ཀྱི་མིག་མདུན་དུ་མངོན་སྲིད། དེ་ནི་སྨི་ཝ་ཏིང་མཚེའུ་ཁུལ་གྱི་མཛེས་ལྗོངས་གཞན་ཞིག་སྟེ། ས་འོག་གི་ཆུ་ཚན་ཡིན། གནས་དེའི་ཆུ་ཚན་ལོ་འཁོར་མོར་དྲོད་ཚད27℃ཡས་མས་སུ་ཡོད་པས།  ཆུ་ཚན་ལ་འདུག་མཁན་དག་གི་གནས་མཆོག་འབའ་ཞིག་ཡིན།
     སྨི་ཝ་རིང་མཚེའུ་ཁུལ་གྱི་དྲོད་རླངས་འཕྱུར་སའི་གནས་དེའི་ས་འོག་གི་ཆུའི་དྲོད་ཚད270℃ཡན་ལ་བུད་པས། འགྲོ་སོང་བྲལ་ཞིང་ཁོར་ཡུག་ལ་མི་གནོད་པའི་རང་བྱུང་གི་སྒུལ་ཤུགས་ཐོན་ཁུངས་ཤིག་ཀྱང་ཡིན། དེར་བརྟེན། ས་གནས་སྲིད་གཞུང་གིས་དྲོད་རླངས་བེད་སྤྱོད་བགྱིས་ཏེ་འཁྱགས་གླིང་དུ་ཆེས་ཐོག་མའི་ས་འོག་ཚ་ནུས་གློག་འདོན་ས་ཚིགས་བསྐྲུན་པས། སྨི་ཝ་ཏིང་གི་ངོ་མཚར་ཡུལ་ལྗོངས་གསུམ་པ་སྟེ། ཁོ་ལ་ཧྥུ་ལ་དྲོད་རླངས་ཐང་གྲུབ་ཡོད་པ་དེའོ།།

འདི་རུ་དཔྱད་བརྗོད་འཇོག་པའམ་ཡང་ན་དཔྱད་བརྗོད་ལ་གཟིགས་ཆོག
དཔྱད་འཇོག་ཤོག་ངོས་ཕབ་བཞིན་པ།
正在加载评论列表...