སྡེབ་ངོས་རྩོམ་ཡིག་ཀློག་ཐབས།
དཀར་རིལ་མནན་ཏེ་རིགས་དབྱེ་ལ་ལྟ་བ།
བོད་མི་རིགས་ཀྱི་སྐྱེ་ཁམས་ལྟ་བའི་བྱུང་འཕེལ།
རྩོམ་པ་པོ། དཔའ་རིས་བསོད་ནམས་ཚེ་རིང་། རྩོམ་སྒྲིག་པ། Bdechen mtso དུས་ཚོད། 2014-5-26 9:41:00 རྩོམ་ཁུངས། 《མདོ་དབུས་མཐོ་སྒང་གི་སྐྱེ་ཁམས་ཁོར་ཡུག་ལ་སྲུང་སྐྱོབ་བྱེད་པའི་སྐོར་བརྗོད་པ》 ཀློག་གྲངས།
  བོད་ཀྱི་སྐྱེ་ཁམས་ལྟ་བ་ངོ་སྤྲོད་དང་ཡང་ན་ཞིབ་འཇུག་བྱེད་མཁན་ཞིག་ཡིན་ན་ངེས་པར་དུ་བོད་ཀྱི་འཇིག་རྟེན་སྣོད་བཅུད་ཆགས་ཚུལ་སྐོར་གྱི་རིག་གཞུང་ལ་ཆ་རྒྱུས་ཡོད་དགོས། བོད་ཀྱི་འཇིག་རྟེན་སྣོད་བཅུད་ཆགས་ཚུལ་སྐོར་གྱི་ལྟ་བ་ནི་བོད་ཀྱི་སྐྱེ་ཁམས་ལྟ་བ་ཆགས་པའི་རྨང་གཞི་དང་འབྱུང་ཁུངས་ཡིན། དེ་ནི་བོད་ཀྱི་སྐྱེ་ཁམས་ལྟ་བར་མཚོན་ན་མེད་དུ་མི་རུང་བའི་གྲུབ་ཆ་ཞིག་རེད། དེར་སྐྱེ་ཁམས་རིག་པའི་ཆ་ནས་ཞིབ་འཇུག་གི་རིན་ཐང་ལྡན་པར་མ་ཟད། ཐུན་མོང་མ་ཡིན་པའི་ཁྱད་ཆོས་ཀྱང་ལྡན་ནོ། །བོད་ཀྱི་འཇིག་རྟེན་སྣོད་བཅུད་ཆགས་རབས་བརྗོད་པའི་རིག་གཞུང་མང་ཆེ་བ་བོད་བརྒྱུད་ནང་བསྟན་ཆོས་ལུགས་ཀྱི་གཞུང་དང་ལོ་རྒྱུས་དེབ་ཐེར། ལྷ་སྒྲུང་སོགས་ལས་བརྗོད་པ་ཡིན། དཔེར་ན《མངོན་པ་མཛོད》དང《དུས་འཁོར》། 《རླངས་ཀྱི་པོ་ཏི་བསེ་རུ》《གོ་ལ་ལུགས་སྣ་ཚོགས་ཀྱི་བཤད་པ》། 《རྒྱལ་རབས་གསལ་བའི་མེ་ལོང》། 《སྲིད་པ་ཆགས་གླུ》སོགས་ལྟ་བུའོ། །ཚད་མའི་གཞུང་ལུགས《མངོན་པ་མཛོད》ལས་སྣོད་ཀྱི་འཇིག་རྟེན་ཆགས་ཚུལ་དང་བཅུད་ཀྱི་འཇིག་རྟེན་ཆགས་ཚུལ་ལ་བྱེ་བྲག་ཏུ་བརྟག་དཔྱད་བཏང་ཡོད། དེ་ཡང་འདིར་རི་རྒྱལ་ལྷུན་པོ་ཆགས་ཚུལ་དང་རི་རྒྱལ་ལྷུན་པོའི་ཕྱི་རོལ་གྱི་གཉའ་ཤིང་འཛིན་རི་དང་གཤོལ་མདའ་འཛིན་རི། སེང་ལྡེང་འཛིན་རི། མུ་ཁྱུད་འཛིན་རི་རྟ་རྣ་སོགས་ཆགས་ཚུལ་དང་དེ་ནས་ད་དུང་མཚོ་ཡི་ཆགས་ཚུལ་བཤད་ཡོད། འཛམ་བུ་གླིང་གི་ཆགས་ཚུལ་ལ་ཡང་མཚོ་མ་དྲོས་པ་ནི་འཛམ་བུ་གླིང་གི་ཆུ་ཀླུང་ཐམས་ཅད་ཀྱི་འབྱུང་ཁུངས་དང་མེ་ཏོག་འབྲས་བུ། རྩྭ་སྨན། ནགས་ཚལ་ལ་སོགས་པ་དང་། 《མདོ་སྡུད་པ》ལས་འཛམ་བུའི་གླིང་འདིར་ཆུ་ཀླུང་ཇི་སྙེད་ཅིག་འབབ་ཅིང་། །མེ་ཏོག་འབྲས་ལྡན་སྨན་དང་ནགས་ཚལ་སྐྱེད་བྱེད་པ། །མ་དྲོས་གནས་པའི་ཀླུ་བདག་བརྟེན་གནས་ཏེ། །དེ་ནི་ཀླུ་ཡི་བདག་པོ་དེ་ཡི་མཐུ་དཔལ་ཡིན། །ཞེས་གསུངས་པ་དང་། ངག་རྒྱུན་ལ་མཚོ་མོ་དེའི་འགྲམ་ན་ཤིང་འཛམ་བུ་ཞེས་བྱ་བ་གང་ལ་འབྲས་བུ་མངར་མོ་རྫ་མ་ཙམ་དང་ལྡན་པ་དེ་སྨིན་པ་ཆུའི་ནང་དུ་ལྷུང་བ་ལས་འཛམ་བུ་ཞེས་པའི་སྒྲ་བྱུང་བས་གླིང་འདིར་འཛམ་བུ་གླིང་ཞེས་འབོད་པ་ཡིན་ཟེར། དེ་ཡང་ཉི་ཟླ་ཡི་གྲུབ་ཚུལ་ལ་ཉི་མ་ནོར་བུ་མེ་ཤེལ་ལས་གྲུབ། ཟླ་བ་ཆུ་ཤེལ་ལས་གྲུབ་པར་བཤད། ཉི་ཟླ་གཉིས་ཀ་འཆར་བའི་བར་ཐག་ནི་ལྷུན་པོའི་ཆུ་མཚམས་ཡན་ཆད་ཀྱི་ཕྱེད་དེ། དཔག་ཚད་བཞི་ཁྲིའི་མཚམས་གཉའ་ཤིང་འཛིན་གྱི་རྩེ་མོའི་ཐད་ཀྱི་ནམ་མཁའ་ནས་འཆར་བ་ཞེས་གསུངས། 《རླངས་ཀྱི་པོ་ཏི་བསེ་རུ》ལས་འབྱུང་བ་སྣ་ལྔའི་སྙིང་པོ་ལས། །སྒོ་ང་ཆེན་པོ་གཅིག་ཡོང་བ། །ཕྱིའི་སྒོང་ཤུན་ལས་ལྷ་བྲག་དཀར་པོ་ཆགས། །ནང་གི་སྒོང་ཆུ་ལས་དུང་མཚོ་དཀར་མོར་འཁྱིལ། །བར་གྱི་སྒོ་ངའི་དར་ཆ་ལས། །རིགས་དྲུག་སེམས་ཅན་ཀུན་ཏུ་གྲོལ། །སྒོ་ངའི་འཕྲུམ་གྱི་བཅོ་བརྒྱད་ཆགས། །སྒོ་ང་བཅོ་བརྒྱད་འབྲིང་བ་དེ། །དུང་བ་སྒོང་གཅིག་ཏུ་ཡར་ནས་བྱུང་། །དེ་ནི་སྨོན་པའི་མི་བོ་ལུམ་ལུམ་ཡིན། །ཞེས་གསུངས་པ་དེར་བིས་མདོ་བ་རྡོ་རྗེ་རིན་ཆེན་གྱིས་བརྟག་དཔྱད་བཏང་བར་གཞིགས་ན་གོང་གི་སྲིད་པ་ཀློང་གི་སྒོ་ང་ལས་སྣོད་བཅུད་གྲོལ་ཚུལ་གྱི་ལྟ་བ་འདི་ནི་བོན་ལུགས་ཀྱི་ལྟ་ཚུལ་ལམ་གནའ་རབས་བོད་ཀྱི་རང་བྱུང་ཁམས་ཀྱི་དགོངས་པ་མཚོན་པ་ཞིག་ཡིན་སྟབས། དེང་སྐབས་བོད་མི་མང་ཤོས་ལ་གོམས་པའི་སངས་རྒྱས་ཆོས་ལུགས་ཀྱི་སྣོད་བཅུད་ཆགས་ཚུལ་དང་མི་འདྲ་ཟེར། གཞན་ཡང《གོ་ལ་ལུགས་སྣ་ཚོགས་ཀྱི་བཤད་པ》ལས་གོ་ལ་རྨོག་བརྩེགས་མའི་ལུགས། གོ་ལ་ཕྱིར་བསྐྱེད་མའི་ལུགས། གོ་ལ་ལྕགས་སྒྲོག་མའི་ལུགས། གོ་ལ་དྲུ་འཛིངས་མའི་ལུགས་སོགས་མང་པོ་ཡོད། བོད་ཀྱི་ལྷ་སྒྲུང་ལས་སྲིད་པ་མ་ཆགས་པའི་སྔོན་ལ་འཇིག་རྟེན་སྟོང་བར་གནས་པ་དང་རིམ་གྱིས་འོད་བྱུང་། འོད་ཀྱི་བར་སྣང་སྟོང་བར་དྲོད་འཁྱག་གི་དབྱེ་བ་ཕྱེ་ནས་ཟིལ་བ་བྱུང་ཞིང་། ཟིལ་བ་ཆུ་ཐིགས་སུ་གྱུར་ནས་རྫིང་བུར་གྲུབ། ཆར་ཆུ་དང་རྦ་རླབས་སྒོ་ང་ཞིག་ཏུ་གྱུར་པ་དེ་ནི་སྲིད་པ་ཆེས་གདོད་མའི་སྐྱེ་དངོས་ཡིན་ཟེར། 《སྲིད་པ་ཆགས་གླུ》ནི་བོད་ཀྱི་གདོད་མའི་སྐྱེ་ཁམས་ལྟ་བ་མཚོན་པའི་ལྷ་སྒྲུང་ཞིག་ཡིན། ལྷ་སྒྲུང་དེས་དྲི་བ་དྲིས་ལན་གྱི་ལམ་ནས་སྲིད་པའི་བྱ་དངོས་ཀུན་གྱི་ཁུངས་དང་གནམ་ས། ཉི་ཟླ། ནགས་ཚལ། རི། ཆུ་སོགས་ཆགས་ཚུལ་གསལ་བཤད་བྱས་ཡོད། ལྷ་སྒྲུང་ལས་གནའ་བསྐལ་བ་ཡ་ཐོག་ལ་གནམ་ས་འབྱེད་མཁན་ཁྱུང་ཆེན་དང་ཉིན་སྲིད་འབྱེད་མཁན་ཉི་མ། སྲིད་པའི་བ་ཆུང་བཤས་པའི་བ་རྔས་ལམ་འཁྱོག་འཁྱོག་ཡིན་པ་མཚོན། ཀོ་བས་བདེ་ཐང་མཚོན་པ་ཡིན་ཟེར། དེ་ཡང་གོང་གི་དང་ཡང་ན་ལྷ་སྒྲུང་ལས་བརྗོད་པའི་འཇིག་རྟེན་ཆགས་ཚུལ་ཡིན་རུང་བོད་མི་རིགས་ཀྱི་འཇིག་རྟེན་ཆགས་ཚུལ་ཐད་ཀྱི་ཆེས་ཐོག་མའི་ལྟ་བ་ཡིན་པ་སྨོས་ཅི་དགོས། བོད་སྲོལ་རྒྱུན་གྱི་འཇིག་རྟེན་ལྟ་ཚུལ་ཡིན་ན་རང་བྱུང་ཡུལ་ཁམས་ནི་རང་བྱུང་དང་ལྷ། མི་གསུམ་གཅིག་འདུས་ཀྱི་ཕུང་བོ་ཞིག་ཏུ་འདོད་པ་དང་། འཇིག་རྟེན་སྟེང་ཕྱོགས་ལྷའི་སྲིད་པ་དང་བར་མ་མིའི་སྲིད་པ། འོག་ཀླུའི་སྲིད་པ་བཅས་སྲིད་པ་གསུམ་ཆགས་པ་དང་། སྲིད་པ་དེ་གསུམ་པོ་ཕན་ཚུན་ལ་རྟེན་ཅིང་འབྲེལ་བ་ཡིན། ལྟ་ཚུལ་འདི་གཞིར་བཟུང་ནས་བོད་མི་ཚོས་རང་ལུས་རང་བྱུང་ཁམས་ལ་ཕུལ་ཅིང་རང་བྱུང་ཁམས་ལ་ཤ་ཚ་བ། སྲུང་སྐྱོབ་བྱེད་པ། རང་བྱུང་ཁམས་ཀྱི་ཆོས་ཉིད་ལ་བསྟུན་ནས་མི་དང་རང་བྱུང་འགྲིག་མཐུན་མཉམ་འདྲེས་ཅི་ལྕོགས་བྱས་པ་ནི་བོད་ཀྱི་འཇིག་རྟེན་ལྟ་ཚུལ་དང་རང་བྱུང་སྐྱེ་ཁམས་ལྟ་ཚུལ་འགྲིག་མཐུན་གཅིག་འགྱུར་ཡིན་ཕྱིར་མི་ཚོས་བོད་མིའི་འཇིག་རྟེན་ལྟ་ཚུལ་དང་སྐྱེ་ཁམས་ལྟ་ཚུལ་དུས་མཉམ་དུ་བྱུང་བར་བརྗོད་པའི་རྒྱུ་མཚན་ཡང་དེ་ཡིན་ནོ། །གནའ་བསྐལ་བ་ཡ་ཐོག་གི་སྐབས་སུ་བོད་མི་ཚོར་རང་བྱུང་ཁམས་ལ་རྒྱུས་ལོན་ཆེར་མེད་པ་དང་རང་བྱུང་སྣང་ཚུལ་ལའང་ཤེས་རྟོགས་གཏིང་ཟབ་མོ་ཞིག་མེད། དཔེར་ན་གློག་འཁྱུགས་ནས་ཐོག་རྒྱག་པ་དང་ཉི་ཟླ་སྐར་གསུམ་གྱི་འཆར་ནུབ། དུས་བཞིའི་འགྱུར་ལྡོག  ཤྭ་འོད་རྡོལ་བ། རི་ལུང་མེ་འབར་སོགས་རང་བྱུང་ཁམས་ཀྱི་སྣང་ཚུལ་སྣ་ཚོགས་ལ་ཚན་རིག་དང་མཐུན་པའི་འགྲེལ་རྒྱག་མ་ཐུབ་ལ། ལྷག་པར་དུ་རང་བྱུང་ཁམས་ཀྱི་ས་ཆུ་མེ་རླུང་གི་འཇིགས་པ་དང་། དུག་སྦྲུལ་དང་གཅན་གཟན་སྣ་ཚོགས་ཀྱིས་མིའི་ཚེ་སྲོག་ལ་གནོད་འཚེ་གཏོང་བར་འགོག་ཐབས་བྲལ་བས་རང་བྱུང་ཁམས་ཆེན་པོའི་མིའི་བློ་རིག་དང་སྟོབས་ཤུགས་ལས་ལྷག་ཏུ་ཆེ་བའི་བདག་པོ་སྟེ་ཡུལ་ལྷ་གཞི་བདག་གིས་ཁ་ལོ་སྒྱུར་བཞིན་འདོད་ནས་རང་བྱུང་ཁམས་ཆེན་པོར་དད་ཅིང་ཞེན་པའི་འཇིགས་སྣང་གི་བསམ་བློ་ལྷན་སྐྱེས་སུ་གྲུབ་ནས་ཁོ་ཚོས་རང་བྱུང་ཁམས་ཀྱི་ལྷར་དབང་བའི་སེམས་ཅན་ཐམས་ཅད་དང་རྩྭ་ལྗང་མེ་ཏོག་ལྗོན་ཤིང་ནགས་ཚལ། རི་ཀླུང་མཚེའུ་སོགས་གཅེས་སྐྱོང་བྱེད་པ་ནི་བོད་མིའི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ལྟ་བ་ཆགས་པའི་ཐོག་མ་ཡིན། བོད་ལ་གདོད་མའི་སྐབས་ནས་བཟུང་ལྷ་དད་ཀྱི་བསམ་བློ་ཡོད་པ་དེས་དོན་དངོས་ཐོག་བོད་ཡུལ་གྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ལ་ཕན་ནུས་ཆེན་པོ་ཐོན་ཡོད། ནང་སྒོས་སུ་བོན་ཆོས་རིག་གནས་ལས་སྐྱེ་དངོས་མཐའ་དག་མི་དང་མཚུངས་པར་རྣམ་ཤེས་ལྡན་ཞིང་སྐྱེ་དངོས་ཀུན་ལྷ་རུ་སྨྲ་བ་ཡིས་བོད་ཀྱི་རང་བྱུང་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་འདུ་ཤེས་དངོས་སུ་ཆགས་པ་མཚོན་འདུག བོན་ཆོས་ནི་ཆེས་གདོད་མའི་དངོས་པོ་ལྷར་བཀུར་ཆོས་ལུགས་ཤིག་ཡིན་པས་མི་རྣམས་ཀྱིས་རྟག་པར་ལྷ་ཡིས་རང་བྱུང་ཁམས་ཆེན་པོ་ཡོངས་ལ་ཚོད་འཛིན་བྱེད་པ་དང་། ལྷ་ཡིས་མིའི་རིགས་ལ་བདེ་སྡུག་ལེགས་ཉེས་གནང་བར་འདོད་ཕྱིར་ལྷ་ལ་དད་ཅིང་ཞེས་པའི་བསམ་པ་སྐྱེས་ནས་མཆོད་འབུལ་དང་གསོལ་བ་བཏབ། རང་བྱུང་ཁམས་གང་ས་གང་དུ་ལྷ་འཚོ་གནས་བྱེད་པར་ངོས་འཛིན་པས་རི་ལ་གཞི་བདག་དང་ཆུ་ལ་ཆུ་ལྷ། ཤིང་ལ་ཤིང་ལྷ། རྡོ་ལ་རྡོ་ལྷ། བྲག་ལ་བྲག་ལྷ། ཡུལ་ལ་ཡུལ་ལྷ། ཁྱིམ་ལ་ཁྱིམ་ལྷ། ཐབ་ལ་ཐབ་ལྷ་ཡོད་པར་འདོད། གནའ་མི་བོད་ཀྱི་བཤད་སྲོལ་བོད་ལྗོངས་ལྷོ་ཁར་གནས་པའི་བླ་རི་ཡར་ལྷ་ཤམ་པོ་ནི་བོད་ཡོངས་ཀྱི་གཞི་བདག་གི་བདག་པོ་ཡིན་ལ་བོད་ལྗོངས་མངའ་རིས་ས་ཁུལ་གྱི་གངས་རིན་པོ་ཆེ་ནི་འཛམ་གླིང་གི་གནས་རི་ཡིན། བོན་ཆོས་རིག་གནས་སུ་དེ་ནི་འཇིག་རྟེན་ལྷའི་སྲིད་པ་དང་མིའི་སྲིད་པ། ཀླུའི་སྲིད་པ་བཅས་སྲིད་པ་གསུམ་གྱི་ལྟེ་གནས་སུ་ངོས་འཛིན། དེ་མིན་བོད་ཡུལ་དུ་ད་དུང་ཡུལ་ལྷ་གཞི་བདག་བཀུར་བའི་གནས་རི་འགངས་ཆེན་ནི་བོད་ལྗོངས་དང་མཚོ་སྔོན་བར་གྱི་གཉན་ཆེན་ཐང་ལྷ་དང་། ཨ་མདོའི་ཨ་མྱེས་རྨ་ཆེན། རྒྱལ་རོང་གི་དམུ་བདོ། ཁམས་ཀྱི་གངས་དཀར་རི་བོ། ཡུན་ནན་བདེ་ཆེན་གྱི་ཁ་བ་དཀར་པོ་སོགས་ཡོད། གཞན་བོད་ཀྱི་ཚོ་བ་དང་སྡེ་བ་སོ་སོར་རང་རང་གི་གནས་རི་དང་ལྷ་ཤིང་། ལྷ་རྡོ། ལྷ་མཚོ་ཡོད་པ་དང་། ཁྱིམ་ཚང་ལའང་རང་རང་གི་གནས་རི་དང་ལྷ་ཤིང་། ལྷ་རྡོ། ལྷ་ཆུ་ཡོད། གལ་ཏེ་སུ་ཞིག་གིས་རང་བྱུང་ཁམས་ཀྱི་རི་ཆུ་ནགས་གསུམ་དང་འདབ་ཆགས་རི་དྭགས་སོགས་ལ་གནོད་འཚེ་བཏང་ན་ལྷ་ཡིས་དེར་གནོད་པ་སྐྱེལ་ངེས་ཡིན། དེའི་ཕྱིར་བོད་མི་ཚོར་རང་བྱུང་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་དང་སེམས་ཅན་ཐམས་ཅད་ལ་གཅེས་སྐྱོང་བྱེད་པའི་ལྟ་བ་ངང་ངམ་ཤུགས་ཀྱིས་ཆགས་འདུག  བྱིངས་བོད་ཀྱི་སྐྱེ་ཁམས་ལྟ་བ་དེ་བོད་ཀྱི་གདོད་མའི་ཆོས་ལུགས་ཏེ་བོན་གྱི་ཁོར་ཡུག་འདུ་ཤེས་དང་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ལྟ་བ་ཆགས་པ་དེའི་རྨང་གཞི་ལས་ཆགས་གྲུབ་དང་འཕེལ་རྒྱས་བྱུང་བ་ཡིན། བོན་ལ་ཚེ་སྲོག་སྲུང་སྐྱོབ་ཀྱི་ལྟ་བ་དང་སེམས་ཅན་ཐམས་ཅད་འདྲ་མཉམ་གྱི་ལྟ་བ། རང་བྱུང་སྐྱེ་ཁམས་ཁོར་ཡུག་དང་འཇིག་རྟེན་སྣོད་བཅུད་ཐམས་ཅད་ལྷ་ཀླུ་གཉན་གསུམ་དང་ས་བདག་གཞི་བདག་བཅས་ཀྱིས་བདག་ཏུ་བཟུང་བའི་ལྟ་བ་བཅས་མང་པོ་ཡོད། བོན་གྱི་ལྟ་ཚུལ་ལྟར་མི་ཚོས་འཚོ་གཞེས་བྱེད་པའི་འཇིག་རྟེན་འདི་ནས་རང་འདོད་དུ་ས་རྐོ་རྡོ་སློག་དང་བསྲེག་གཅོད་གསོད་གསུམ་སོགས་རང་བྱུང་སྐྱེ་ཁམས་ཁོར་ཡུག་ལ་གནོད་པ་སྐྱེལ་བའི་བྱ་བ་སྒྲུབ་མི་རུང་། སྒོས་རི་དྭགས་གསོད་པ་དང་ནགས་གཅོད་པ། ཆུ་སྦགས་པ། མཁའ་དབུགས་མནོལ་བ་སོགས་བྱ་མི་རུང་། གལ་སྲིད་དེ་འདྲ་བྱས་ན་མི་རང་ཉིད་ལ་ནད་སོགས་མི་བདེ་བ་སྣ་ཚོགས་འབྱུང་ངེས་ཡིན་ཟེར། དེའི་ཕྱིར་བོན་གྱི་མི་དང་རང་བྱུང་ཁོར་ཡུག་བར་གྱི་འབྲེལ་བ་ནི་རྟེན་ཅིང་འབྲེལ་བ་དང་མི་དང་རང་བྱུང་ཁམས་ངོ་བོ་གཅིག་གྲུབ་ཀྱི་ལྟ་བ་ཆགས་ཡོད།
  དེ་ཡང་བོད་ཀྱི་སྐྱེ་ཁམས་ལྟ་བ་ལས་བོད་ཁམས་ཆགས་ཚུལ་དང་བོད་མིའི་འགྲོ་བ་བྱུང་ཚུལ་ལ་བརྗོད་ལུགས་ག་འདྲ་མཆིས་ཟེར་ན། བིས་མདོ་རྡོ་རྗེ་རིན་ཆེན་གྱིས་བྲིས་པའི་བོད་ཁམས་ཀྱི་སྣོད་བཅུད་ཆགས་ཚུལ་ཞེས་བྱ་བའི་རྩོམ་ཡིག་ལས་བོད་ཁམས་འདིར་འགྲོ་བ་མིའི་རིགས་མ་བྱུང་བའི་སྔོན་རིང་མོ་ཞིག་ཏུ་རི་ལུང་ཐམས་ཅད་ཆུས་གང་ནས་ཡོད་པར་བཤད། དེ་རྗེས་ཆུ་འཁྱིལ་སའི་ཡོལ་གོ་རྣམས་ཀྱི་ཁ་ཤོར་ཏེ་ཆུ་རྣམས་རྒྱ་མཚོར་བཞུར་བའི་ཤུལ་དུ་རིམ་གྱི་རྩི་ཤིང་ནགས་ཚུལ་རྒྱས། དེ་ནས་རིམ་གྱིས་སྲོག་ཆགས་དག་འཕེལ་རྒྱས་བྱུང་བ་ཡིན་ཏེ། སྟོད་མངའ་རིས་ཀྱི་ཆ་ནི་གླང་པོ་ཆེ་དང་རི་དྭགས་ཀྱི་ཡུལ། བར་དབུས་གཙང་གི་ཆ་ནི་རི་དྭགས་དང་སྤྲེའུ་ཡུལ། སྨད་མདོ་ཁམས་ཀྱི་ཆ་ནི་སྤྲེའུ་དང་བྲག་སྲིན་གྱི་ཡུལ་དུ་གྱུར་ཏོ་ཞེས་གསུངས། དེ་ཡང་བོད་མིའི་འགྲོ་བ་བྱུང་ཚུལ་ལ་དམངས་ཁྲོད་ངག་རྒྱུན་དུ་དར་ཁྱབ་ཆེ་བ་དང《ཀ་ཁོལ་མ》དང《མ་ཎི་བཀའ་འབུམ》《རྒྱལ་རབས་གསལ་བའི་མེ་ལོང》སོགས་ལས་བརྗོད་པ་ནི་ཆེས་གནའ་སྔ་མོར་ཡུལ་དབུས་གཙང་གི་ལྷོ་ཁ་སྣེ་གདོང་ཡུལ་གྱི་བྲག་མགོན་པོ་རི་ལ་གནས་པའི་སྤྲེའུ་བྱང་ཆུང་སེམས་དཔའ་དང་བྲག་སྲིན་མོ་གཉིས་འདུས་པ་ལས་སྤྲེའུ་ཕྲུག་གདོང་དམར་ཤ་ཟན་མང་དུ་འཕེལ་ཞིང་སྤྲེའུ་ཕྲུག་རྣམས་ནགས་ཚུལ་དུ་གནས་ཏེ་ཤིང་ཏོག་གི་འཚོ་བ་བྱས་ནས་བསྡད། བར་སྐབས་ཤིག་ལ་གཞུང་གི་ཆུ་རྣམས་བཞུར་བའི་ཤུལ་དུ་སྤང་གཞོངས་རྒྱ་ཆེན་པོ་བྱུང་བ་ནས་ནས་དང་གྲོ། སྲན་མ། བྲ་བོ། སོ་བ་རྣམས་དང་རྒོད་སྐྱེས་ཀྱི་འབྲུ་རིགས་འཁྲུངས་པ་ལ་མ་རྨོས་ལོ་ཏོག་ཟེར། སྤྲེའུ་རྣམས་རིམ་གྱིས་སྤང་གཞོངས་སུ་འོངས་ནས་རྒོད་སྐྱེས་ཀྱི་འབྲུ་རིགས་རྣམས་ལ་ལོངས་སྤྱད། རིམ་གྱིས་སྤུ་དང་རྔ་མ་ཇེ་ཐུང་ལ་སོང་བ་དང་ཆབས་ཅིག་རིག་པའི་འཆར་སྒོ་ཇེ་ཆེར་སོང་། སྐབས་ཤིག་ནས་རྔ་མ་མེད་ཅིང་ལུསག་སྤུ་ཡང་བྱི་ནས་བོད་མིའི་འགྲོ་བར་གྱུར་ཟེར། ཡང་བཤད་ཚུལ་གཞན་ཞིག་ལ། གནའ་རབས་རྒྱ་གར་ལ་རྒྱལ་པོ་བུ་བརྒྱ་པ་ཞེས་པ་ཞིག་ཡོད་པ་དེའི་བུ་རྣམས་ཕན་ཚུན་མ་མཐུན་པར་མཐར་རུ་པ་ཏི་ཞེས་པའི་རྒྱལ་པོ་གཡུལ་ལས་ཕམ་ནས་དཔུང་ཚོགས་གཅིག་དང་བཅས་བུད་མེད་ཀྱི་ཆ་ལུགས་སུ་བྱས་ཏེ་ཁ་བ་ཅན་གྱི་ཡུལ་འདིར་བྲོས་ཡོང་བ་ལས་བོད་མིའི་འགྲོ་བ་བྱུང་ཟེར། བོད་མི་རིགས་ལ་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་བྱེད་པའི་བསམ་བློ་དང་འདུ་ཤེས། གོམས་གཤིས། ལྟ་བ་བཅས་གནའ་ནས་དར་ཡོད། རྒྱལ་པོ་ཁྲི་སྲོང་ལྡེ་བཙན་གྱི་སྐུ་རིང་ལ་བོན་པོ་རྣམས་ཀྱི་ལུགས་སུ་རྒྱལ་པོའི་སྐུའི་རིམ་གྲོ་ལ་རི་དྭགས་ཤ་བ་སོགས་བསད་དེ་ལྷ་ཀླུ་གཉན་གསུམ་ལ་གསོལ་མཆོད་བྱེད་སྲོལ་ཡོད་པ་བཀག  དེ་ནས་བཟུང་བོད་མི་རྣམས་ཀྱི་འདུ་ཤེས་རང་བྱུང་སྐྱེ་ཁམས་ཁོར་ཡུག་ལ་འགྲིག་མཐུན་བྱས་ཏེ་མི་སུ་ཡིན་ཡང་ཤིང་གཉན་མི་གཅོད་པ་དང་བྲག་གཉན་མི་བཤིག་པ། ས་གཉན་མི་སློག་པ། གནས་རིའི་ངོགས་ཀྱི་རི་སྐྱེས་སྲོག་ཆགས་མི་གསོད་པ་བཅས་ཀྱི་གོམས་སྲོལ་ཡག་པོ་རིམ་གྱིས་ཆགས་ཡོད། བོད་མི་རིགས་ཀྱི་མི་རབས་ནས་མི་རབས་བར་འཚོ་བ་རོལ་པའི་མདོ་དབུས་མཐོ་སྒང་ལ་མཚོན་ན་ཡངས་ཤིང་གཞལ་མཐའ་མེད་པའི་གནམ་ཨ་སྔོན་ནི་སྐྱེ་དངོས་ཐམས་ཅད་རླན་བཤེར་སྦྱིན་པ་དང་སྐོམ་པའི་སྡུག་བསྔལ་སེལ་བའི་ཆར་ཆུ་དང་ཁ་བ། བ་མོའི་འབྱུང་གནས་ཡིན་ལ། སྔོ་ལྗང་གི་རྩྭ་ཐང་ནི་ཤ་མར་ཐུད་གསུམ་གྱི་འབྱུང་གནས་དང་རྟ་ནོར་ལུག་གསུམགྱི་འཚོ་ས་ཡིན། གངས་རི་དཀར་པོ་དེ་གཙང་ཆབ་བསིལ་མའི་འབྱུང་ཁུངས་དང་ཚང་ཚིང་དཀྲིགས་པའི་ནགས་ཚལ་ནི་རི་དྭགས་དང་འདབ་ཆགས་ཅི་རིགས་ཀྱི་རྩེད་ར་དང་གནས་ཚང་ཡིན། བག་ཡངས་སུ་རྒྱུ་བའི་སྲོག་ཆགས་རིགས་ནི་ས་སྟོང་ལུང་སྟོང་ནས་རང་ལ་འགྲོགས་པའི་གྲོགས་པོ་ཡིན་ཕྱིན། བོད་མི་རིགས་རང་གི་འདུ་ཤེས་ལ་རང་ཉིད་ཀྱང་རང་བྱུང་སྐྱེ་ཁམས་ལ་ཕྱོགས་གང་ཐད་ནས་འགྲིག་མཐུན་དང་བྱམས་ཀྱིས་སྐྱོང་བའི་གོམས་སྲོལ་དུས་རྒྱུན་གྱི་ཐོན་སྐྱེད་དང་འཚོ་བ་དངོས་ལ་བསྟུན་ནས་རིམ་གྱིས་ཆགས་ཤིང་རང་བྱུང་རི་ཆུ་ནགས་ཀླུང་ལ་དབང་བྱེད་པའི་ལྷ་ཀླུ་རྣམས་ལ་མཆོད་བཀུར་བྱེད་པའི་དམངས་སྲོལ་ཆོས་ལུགས་ཀྱི་ཆོ་ག་མང་པོ་དར་ཡོད།


འདི་རུ་དཔྱད་བརྗོད་འཇོག་པའམ་ཡང་ན་དཔྱད་བརྗོད་ལ་གཟིགས་ཆོག
དཔྱད་འཇོག་ཤོག་ངོས་ཕབ་བཞིན་པ།
正在加载评论列表...