སྡེབ་ངོས་རྩོམ་ཡིག་ཀློག་ཐབས།
དཀར་རིལ་མནན་ཏེ་རིགས་དབྱེ་ལ་ལྟ་བ།
བོད་ཀྱི་གནས་རི་ཆེན་མོ་སྒ་ཇོ་བོ་ཡི་སྐྱེ་དངོས་སྣ་མང་ཅན་རྟོག་ཞིབ་ཕྱོགས་ཀྱི་གནས་ཚུལ།
རྩོམ་པ་པོ། FFIའབྲོག་སའི་རྩྭ། རྩོམ་སྒྲིག་པ། Lhamo དུས་ཚོད། 2015-8-28 9:42:00 རྩོམ་ཁུངས། མཚོ་སྔོན་པོ་དྲ་བ། ཀློག་གྲངས།

རང་བྱུང་གནས་མཆོག་སྐྱེ་དངོས་རྟོག་ཞིབ་དང་སྲུང་སྐྱོང་ཚོགས་མིའི་མཉམ་པར།
གནས་མཆོག་སྒྱོགས་ཆེན་སྡོངས་ར།

སྤང་ཤར་དགོན་པའི་མཁན་པོ་དང་ཁ་བརྡ་བྱེད་བཞིན་པ།


ལམ་བར་དུ་གནས་སྐོར་བ་ལ་བཅར་འདྲི་བྱེད་བཞིན་པའི་ཚུལ།


ཚང་ནང་དུ་ཡོད་པའི་གླག་ཕྲུག་ཚོ།

རང་བྱུང་གནས་མཆོག་སྐྱེ་དངོས་རྟོག་ཞིབ་དང་སྲུང་སྐྱོང་ཚོགས་མིའི་མཉམ་པར།

རྟོག་ཞིབ་རུ་ཁག
     གནས་མཆོག་སྒ་ཇོ་བོ་ཡི་སྐྱེ་དངོས་རྟོག་ཞིབ་ནི་ད་ལོ་སྤྱི་ཟླ7པའི་ནང་ལེགས་འགྲུབ་བྱུང་སོང་། ད་ལོ་ནི་སྒ་ཇོ་བོ་ཡི་གནས་སྒོ་ཡིན། ཐེངས་འདིའི་རྟོག་ཞིབ་ནི་སྣ་མང་ཆེད་ལས་པ་མཉམ་འཛོམས་ཀྱི་སྒོས་ལག་བསྟར་བྱས་པ་ཡིན། ང་ཚོའི་རྟོག་ཞིབ་པའི་རུ་ཁག་ནི་རི་སྐྱེས་སྲོག་ཆགས་ཆེད་མཁས་པ་དང། རྩི་ཤིང་ཆེད་མཁས་པ། ས་ཁྲ་ལེན་འགོད་ཆེད་མཁས། ད་དུང་བརྙན་དང་པར་ལེན་མཁན། མཁའ་དབྱིངས་བརྙན་ལེན་བྱེད་མཁན་དང་བཅས་པའི་མི་བརྒྱད་ཀྱིས་གྲུབ་པ་ཞིག་ཡིན།
རྟོག་ཞིབ་ནང་དོན།
     སྒ་ཇོ་བོ་བར་སྐོར་ནང་ཁུལ་གྱི་རྩི་ཤིང་གི་རིགས་དང་། རི་སྐྱེས་སྲོག་ཆགས་ཀྱི་རིགས། མཚོ་དང་ཆུ་བོ་སོགས་ཚད་ལེན་དང་། སྒ་ཇོ་བོ་ཡི་འཁོར་སོགས་ཀྱི་གནས་ས་དང་ལོ་རྒྱུས་སོགས་ལ་ཡང་རག་རིམས་ཙམ་གྱི་རྒྱུས་ལོན་བྱས། ད་དུང་དེ་ལས་གཞན་ས་གནས་མང་ཚོགས་དང་ས་གནས་རང་བྱུང་ཐོན་ཁུངས་བར་གྱི་འབྲེལ་བ་དང་། ས་གནས་རང་བྱུང་ཐོན་ཁུངས་དོ་དམ་གྱི་འདས་དང་ད་ལྟའི་གནས་བབས། དེའི་འགྱུར་བ། རི་སྐྱེས་སྲོག་ཆགས་ལ་བཅངས་པའི་ལྟ་སྟངས་སོགས་ནས་ཀྱང་རྒྱུས་ལོན་ཅུང་ཙམ་བྱས།
རྟོག་ཞིབ་ས་གནས།
     མདོ་ཁམས་གནས་རི་ཆེན་མོ་སྒ་ཇོ་བོ་ནི་མདོ་ཁམས་ཡུལ་ཤུལ་བོད་རིགས་ཁུལ་ཁྲིལ་འདུ་རྫོང་དང་མཆུ་མ་ལེབ་གཉིས་ཀྱི་ས་མཚམས་སུ་ཆགས་ཡོད། རིའི་མདུན་ཕྱོགས་ནི་མཆུ་མ་ལེབ་རྫོང་གི་ཁོངས་སུ་གཏོགས་ལ། རྒྱབ་ཕྱོགས་ནི་ཁྲི་འདུ་རྫོང་གི་ཁོངས་སུ་གཏོགས། དེའི་ཉེ་འདབས་སུ་གཏེར་ཆུ་དང་ཆུ་བོ་ཆེན་པོ་གཉིས་བཞུར་གྱིན་ཡོད་ལ། དེ་གཉིས་འབྲི་ཆུར་འདྲེས་པ་ཡིན།
     གནས་མཆོག་སྒ་ཇོ་བོ་ཡི་ཁྱབ་ཁུངས་ནི་རྒྱ་ཆེན་པོ་ཡིན་ཏེ།ཡིག་ཚང་ལྟར་ན་འཁོར་སུམ་བརྒྱ་དྲུག་བཅུ་ཡོད་ཅེས་གསུངས་འདུག གལ་ཏེ་དེ་འདྲ་ཡིན་ཚེ་འཁོར་ཡི་ཁྱབ་ཁུངས་ཡུལ་ཤུལ་ལས་གཞན་ས་ཁུལ་གཞན་དག་ལ་ཁྱབ་ཨེ་ཡོད་སྙམ་བྱུང་། ད་ལྟ་དེ་ལ་མཐའ་འཁོར་དང་། བར་སྐོར། རྩེ་སྐོར་གསུམ་ཞེས་གནས་སྐོར་བྱེད་སའི་ལམ་གསུམ་འདུག ཡིན་ཡང་། ད་ལྟ་རྩེ་སྐོར་བྱེད་མཁན་མི་འདུག རྒྱུ་མཚན་ནི་ལམ་དེ་བྲག་རྩེ་ན་ཡོད་དེ་འགྲོ་ཧ་ཅང་དཀའ་མོ་འདུག ལོ་འགའ་ཤས་ཡར་སྔོན་དུ་རྒད་པོ་ཞིག་རྩེ་སྐོར་འགྲོ་དུས་སྟབས་མ་ལེགས་པར་བྲག་ངོས་ནས་མར་ལྷུང་སྟེ་རྐྱེན་ལམ་དུ་ཕྱིན་ལ། དེའི་རྗེས་སུ་བླ་མ་ཞིག་གིས་འགྲོ་མི་ཉན་ཞེས་གསུངས་ནས་ད་ལྟ་འགྲོ་མཁན་མི་འདུག་ཞེས་ས་གནས་ཀྱི་འབྲོག་པ་ཞིག་གིས་དེ་འདྲ་བཤད་བྱུང་། ད་ཐེངས་ང་ཚོའི་རྟོག་ཞིབ་ནི་བར་སྐོར་ནང་ཁུལ་ནས་བྱས།
སྲོག་ཆགས་ཀྱི་སྐོར།
     གནས་དེ་རུ་རི་དྭགས་དང་རྩི་ཤིང་གི་རིགས་མང་པོ་ཡོད། སྲོག་ཆགས་གྱི་རིགས་ལ་གནའ་དང་། ཤ་དམར། གསའ། དྲེད་མོང་། སྤྱང་ཀི ལྦ་སོགས་ཡོད་པ་དང་། ད་དུང་ཆུ་བྱ་ངང་པ་དང་། བྱ་རྒོད། ཁྲ་ཡི་རིགས། གླག ནེ་ལེ། གོ་མོ། སྲེག་པ། སྐྱ་ཀ ཕོ་རོག ཕུག་རོན། བྱེའུ་ཡི་རིགས་མང་པོ་འཚོ་སྡོད་བྱས་འདུག
རྩྭ་དང་རྩི་ཤིང་གི་སྐོར།
     ཤིང་སྡོང་གི་རིགས་གཙོ་ཆེ་བ་ནི་ཤུག་པ་དང་། གསོམ་སྡོང་། ལྕང་མ་སོགས། རྩྭ་ཡི་རིགས་མང་པོ་འདུག་ལ།མེ་ཏོག་ཡང་དུས་ཚིགས་རེ་རེར་རིགས་མི་འདྲ་བ་མང་པོ་བཞད་འདུག
ཆུ་བོའི་སྐོར།
     ཆུ་བོ་ཀྱང་མང་པོ་གནས་དེ་ནས་འབབ་ཀྱིན་ཡོད་ལ། མང་ཆེ་བའི་མགོ་ཁུངས་ནི་བྲག་རི་དང་། གངས། སྤང་རི་སོགས་ཡིན།
     སྤྱིར་མཐོ་སྒང་གི་ཟླ་བདུན་པ་ནི་ཆར་ཆུ་ཧ་ཅང་མོད་པའི་དུས་ཤིག་ཡིན་ནའང་། ང་ཚོའི་རུ་ཁག་གནས་དེར་སླེབས་པ་ནས་བཟུང་ནམ་མཁའ་གཡའ་དག་ཞིང་ཉི་འོད་གྱིས་དགུང་ནས་བསུ་པས་ང་ཚོའི་རྟོག་ཞིབ་ལ་ནམ་ཟླས་མཐུན་རྐྱེན་ལེགས་པོ་ཞིག་བསྐྲུན་བྱུང་།
རྟོག་ཞིབ་ཀྱི་འབྲས་བུ།
     ང་ཚོའི་རུ་ཁག་གིས་ཉིན་བདུན་གྱི་རིང་ལ་རྟོག་ཞིབ་བྱས་མཐར་སྒ་ཇོ་བའི་རྩི་ཤིང་རིགས་མི་འདྲ་བ120། སྲོག་ཆགས་ཀྱི་རིགས40ལྷག ད་དུང་ཆུ་བོ20ལྷག་ཚད་ལེན་ཐུབ་བྱུང་། རང་བྱུང་གནས་མཆོག་སྐྱེ་དངོས་རྟོག་ཞིབ་དང་སྲུང་སྐྱོང་ཚོགས་པས་ཚད་ལེན་བྱས་པའི་ཡིག་ཆ་དག་ནི་མ་འོངས་པར་བོད་ཀྱི་རང་བྱུང་སྐྱེ་ཁམས་ཕྱོགས་ཀྱི་ཡིག་ཆ་གཅིག་བསྡུ་དང་སྲུང་སྐྱོང་ཕྱོགས་བཀོལ་རྒྱུ་ཡིན།
མ་འོངས་པའི་ལས་ཀ
     ད་ཐེངས་རྟོག་ཞིབ་ལས་ཐོབ་པའི་རྩྭ་རྩི་ཤིང་དང་བྱ་བྱེའུ་ཡི་མིང་ཤེས་མཁན་ནི་མང་པོ་མེད་པས་ད་ལྟ་བོད་མིང་དག་འཚོལ་བསྡུ་བྱེད་བཞིན་ཡོད་པ་དང་། རྗེས་སུ་རང་བྱུང་གནས་མཆོག་སྐྱེ་དངོས་རྟོག་ཞིབ་དང་སྲུང་སྐྱོང་རུ་ཁག་གིས་བོད་ཀྱི་གནས་མཆོག་གི་སྐྱེ་དངོས་ཀྱི་མིང་དག་རིམ་བཞིན་གཅིག་བསྡུ་བྱེད་རྒྱུ་ཡིན།

FFI འབྲོག་སའི་རྩྭ་རང་བྱུང་གནས་མཆོག་སྐྱེ་དངོས་རྟོག་ཞིབ་དང་སྲུང་སྐྱོང་རུ་ཁག་གིས།


འདི་རུ་དཔྱད་བརྗོད་འཇོག་པའམ་ཡང་ན་དཔྱད་བརྗོད་ལ་གཟིགས་ཆོག
དཔྱད་འཇོག་ཤོག་ངོས་ཕབ་བཞིན་པ།
正在加载评论列表...