སྡེབ་ངོས་རྩོམ་ཡིག་ཀློག་ཐབས།
དཀར་རིལ་མནན་ཏེ་རིགས་དབྱེ་ལ་ལྟ་བ།
མཚོ་སྔོན་རྫ་སྟོད་དུ་རྨས་ཕོག་གསའ་ལ་རླངས་འཁོར་གྱིས་བརྡབས་རྨས་བཏང་བ་ངོས་འཛིན་བྱས།
རྩོམ་པ་པོ། མི་གསལ། རྩོམ་སྒྲིག་པ། Lhamo དུས་ཚོད། 2017-11-30 11:13:00 རྩོམ་ཁུངས། མི་དམངས་དྲ་བ། ཀློག་གྲངས།

     སྤྱི་ཟླ11ཚེས27ཉིན་གྱི་དགོང་མོར། མཚོ་སྔོན་ཞིང་ཆེན་གྱི་བདག་ཏུ་མ་བཟུང་བའི་སྲོག་ཆགས་སྐྱོབ་སྲུང་གསོ་སྤེལ་ལྟེ་གནས་ནས་འབྱོར་བའི་གནས་ཚུལ་ལས་མངོན་གསལ། ཉིན་དེར་མཚོ་སྔོན་ཞིང་ཆེན་རྫ་སྟོད་ཁོངས་སུ་རྨས་སྐྱོན་ཕོག་པའི་གསའ་ལ་པར་བརྒྱབ་པ་དང་རྨ་ཁ་ལ་ཞིབ་བཤེར་དབྱེ་ཞིབ་བྱས་པ་བརྒྱུད། གསའ་འདིའི་བརླ་རྐང་གཡོན་པའི་རུས་པ་ཆག་པ་དང་། དཔྱི་རུས་གཡོན་ངོས་རུས་པ་ཆག་གྲུག་བྱུང་ཡོད་པས། རླངས་འཁོར་གྱི་བརྡབས་རྨས་བཏང་བ་ངོས་འཛིན་བྱས་པ་རེད།
     ཟླ་འདིའི་ཚེས24ཉིན་གྱི་དུས་ཚོད22གཡས་གཡོན་དུ། མཚོ་སྔོན་ཞིང་ཆེན་ཡུལ་ཤུལ་བོད་རིགས་རང་སྐྱོང་ཁུལ་རྫ་སྟོད་རྫོང་རྣམ་སྲས་ཤང་གི་གྲོང་མི་དར་རྒྱས་དང་རྣམ་དར། ཆོས་གྲགས། རྡོར་ཚེ་སོགས་ཀྱིས་རླངས་འཁོར་བཏང་ནས་འགྲོ་དུས། ལམ་འགྲམ་དུ་གསའ་གཅིག་ཉལ་ཡོད་པ་མཐོང་བས། རླངས་འཁོར་ལས་བབས་ནས་ལྟ་དུས་གསའ་དེ་ཁྱ་རེ་ཁྱོ་རེ་ངང་འགྲོ་ཞིང་། ཤིང་སྡོང་ཞིག་གི་འོག་ཏུ་སླེབས་རྗེས་ཉལ་བ་རེད།
     གནས་ཚུལ་འདི་མཐོང་རྗེས། གྲོང་མི་གཉིས་ཡུལ་འདིར་བསྡད་ནས་གསའ་སྲུང་བ་དང་། གཞན་དག་ཚོ་རླངས་འཁོར་ལ་བསྡད་དེ་ཁྱིམ་དུ་ལོག་སྟེ་ཀང་པ་ལིང་བླངས་ནས་ཡོང་རྗེས་ཀང་པ་ལིང་གསའ་ལ་གཡོགས་ནས་རླངས་འཁོར་དུ་བཞག་སྟེ་དར་རྒྱས་ཀྱི་ཁྱིམ་དུ་དབོར་ཡོང་ནས་སྲོག་སྐྱོབ་སྨན་བཅོས་བྱེད་རྒྱུར་སྒུག་པ་རེད། གྲོང་མི་ཚོས་ངོ་སྤྲོད་བྱས་པར་གཞིགས་ན། དེའི་རིང་ལ་གསའ་ཡིས་འགོག་རྒོལ་ཆེན་པོ་བྱས་མེད་པ་རེད།
     རྣམ་སྲས་ཤང་སྨན་ཁང་གི་སྨན་པས་ཞིབ་བཤེར་བྱས་པར་གཞིགས་ན། གསའ་འདི་ནི་གསའ་མོ་ཞིག་ཡིན་པ་དང་། གསའ་རྒན་ཙམ་ཞིག་ཡིན་ཞིང་། རྐང་པ་གཡོན་པའི་བརླ་ལ་རྨས་ཕོག་ཡོད་པ་དང་དྲི་ངན་ལྡང་ཞིང་། རྣག་བསགས་ཡོད་པ་དང་རྨ་ཁ་རུ་ཁྲག་རྒྱས་པ་རེད།

    མཚོ་སྔོན་ཞིང་ཆེན་གྱི་བདག་ཏུ་མ་བཟུང་བའི་སྲོག་ཆགས་སྐྱོབ་སྲུང་གསོ་སྤེལ་ལྟེ་གནས་ཀྱི་འགན་འཁུར་བ་ཆི་ཞིན་ཀྲང་གིས་ངོ་སྤྲོད་བྱས་པར་གཞིགས་ན། ཚེས་27ཉིན་ལ་པར་བརྒྱབ་པ་དང་རྨ་ཁར་ཞིབ་བཤེར་བྱས་རྗེས། གསའ་དེ་ནི་སྲོག་ཆགས་གཞན་པས་སོ་བརྒྱབ་ནས་རྨས་པ་མ་ཡིན་པ་དང་། གསའ་འདིའི་བརླ་རྐང་གཡོན་པའི་རུས་པ་ཆག་པ་དང་། དཔྱི་རུས་གཡོན་ངོས་རུས་པ་ཆག་གྲུག་བྱུང་ཡོད་པས། རླངས་འཁོར་གྱིས་བརྡབས་རྨས་བཏང་བ་ངོས་འཛིན་བྱས་པ་རེད། རྐང་པ་གཡོན་པའི་བརླ་ལ་རྨས་ཕོག་ཡོད་པ་དང་། རྣག་ཚབས་ཆེན་བསགས་ཤིང་རྨ་ཁར་དྲི་ངན་ལྡང་བས། རླངས་འཁོར་གྱིས་རྡབ་རྡེག་གཏོང་སྐབས་ས་ངོས་སུ་དབུར་བརྡར་ཐེབས་ནས་རྨས་སྐྱོན་བཟོས་པ་ངོས་འཛིན་བྱས་པ་རེད།
     རྫ་སྟོད་རྫོང་ནི་རྫ་ཆུ་འབྱུང་ཁུངས་སུ་གནས་ཤིང་། རྒྱ་མཚོའི་ངོས་ལས་ཆ་སྙོམས་ཀྱི་མཐོ་ཚད་ལ་སྨི4200ཡོད་པ་དང་། འདི་རུ་ཀྲུང་གོའི་གསའ་འཚོ་གནས་མུ་འབྲེལ་ས་ཆ་ཆེ་ཤོས་ཡོད་པས། དེ་ལ"ཀྲུང་གོའི་གསའ་ཡི་ཕ་ཡུལ"ཞེས་གྲགས་ཤིང་། རྫོང་ཁོངས་སུ་རི་བོ་དང་མཚེའུ། སྡོང་ཕྲན་ནགས་རྫོབ། རྩྭ་ཐང་སོགས་ཡོད་ལ། འདི་ནི་མཚོ་བོད་མཐོ་སྒང་གི་གཙང་གསུམ་ཆུ་འགོའི་ས་ཁོངས་ཁྲོད་བདག་ཏུ་མ་བཟུང་བའི་སྲོག་ཆགས་སྐྱེ་འཕེལ་འཚོ་གནས་བྱེད་ས་གཙོ་བོ་གྲས་ཤིག་ཀྱང་རེད།


འདི་རུ་དཔྱད་བརྗོད་འཇོག་པའམ་ཡང་ན་དཔྱད་བརྗོད་ལ་གཟིགས་ཆོག
དཔྱད་འཇོག་ཤོག་ངོས་ཕབ་བཞིན་པ།
正在加载评论列表...